སྐྱབས་བཅོལ་བའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པ་ཞིག་ལ་བཀའ་ལན་གནང་བ།

མདུན་ངོས། / སྐྱབས་བཅོལ་བའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པ་ཞིག་ལ་བཀའ་ལན་གནང་བ།

ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་བཅོལ་བའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པ་ཞིག་ལ་བཀའ་ལན་གནང་བ་བརྒྱུད་ལམ་ཁག་ཅིག་ནས་བཀའ་ལན་ལོག་འདྲེན་ནམ་ཆ་མ་ཚང་བར་བཀོད་འདུག་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ནི་ཐར་ལནཌ་(Netherlands )ཡི་གྲོང་ཁྱེར་རོ་ཊར་ཌམ་( Rotterdam )དུ་མི་མང་ལ་བཀའ་སློབ་གསུང་བཤད་གནང་རྗེས་མི་མང་ནང་ནས་སྐྱབས་བཅོལ་བའི་སྐོར་བཀའ་འདྲི་ཞུས་པ་དེའི་བཀའ་ལན་གང་གནང་ཡོད་པ་གཤམ་དུ་ཆ་ཚང་བཀོད་ཡོད།


བཀའ་ལན།


“ལུང་པ་གཞན་ནས་ཡུ་རོབ་ཏུ་སྐྱབས་བཅོལ་ཡོང་བའི་མི་རྣམས་ལ། འཇར་མན་དང་། ཡུ་རོབ་རྒྱལ་ཁབ་གཞན་ཚོས་རོགས་རམ་བྱས་ཡོད་པ་ཧ་ཅང་ཡག་པོ་རེད། སྐྱབས་བཅོལ་བ་དེ་ཚོ་མང་ཆེ་བས་སོ་སོའི་རང་ཡུལ་ནི་ཕ་ཁྱིམ་དུ་རྩི་བཞིན་ཡོད། འོན་ཀྱང་། ད་ལྟའི་ཆར་སྐྱབས་བཅོལ་བ་དེ་དག་གི་ཡུལ་ལུང་ནང་དམར་གསོད་དང་། བརྙས་བཅོས་སོགས་སྡུག་བསྔལ་མང་པོ་མྱོང་གི་ཡོད་པར་བརྟེན། ཡུལ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་ཆགས། གནས་སྐབས་སྐྱབས་བཅོལ་ཞུ་ཡུལ་ཡུ་རོབ་ཀྱི་རྒྱལ་ཁབ་ཚོས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་གནས་སྡོད་བྱེད་ཡུལ་དང་། ལྷག་པར་ལོ་ན་གཞོན་པ་ཚོར་ཤེས་ཡོན་དང་། ལག་ཤེས། འཕྲུལ་ལས་སྦྱོང་བརྡར་སོགས་ཀྱི་མཐུན་རྐྱེན་སྦྱོར་དགོས། དེའི་དམིགས་ཡུལ་ནི་ཁོང་ཚོ་རིམ་པས་རང་ཡུལ་དུ་ཕྱིར་ལོག་གིས་ཕ་ཡུལ་བསྐྱར་དུ་འཛུགས་སྐྲུན་ཡར་རྒྱས་གཏོང་ཐུབ་པའི་ཆེད་དུ་ཡིན། འདི་ནི་ངོས་ལ་ཐོག་མ་ནས་ཡོད་པའི་བསམ་ཚུལ་ཞིག་ཡིན།”


“དཔེར་ན། ང་ཚོ་བོད་མི་རྣམས་རྒྱ་གར་དུ་གནས་ཚང་གཡར་ནས་བསྡད་ཡོད། བོད་མི་མང་ཆེ་བས་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་ན་དེ་མཚམས་བོད་ལ་ལོག་རྒྱུའི་འདུན་པ་ཡོད། རྒྱལ་ཁབ་སོ་སོར་རང་གི་རིག་གཞུང་དང་། སྐད་ཡིག། ཡུལ་སྲོལ་གོམས་གཤིས་བཅས་ཡོད་པས་མི་ཚོར་སོ་སོའི་ལུང་པར་སྡོད་རྒྱུ་ཁེ་ཆེ་བ་ཡོད་པ་ཡིན། དེ་ནི་ངོས་ཀྱི་བསམ་ཚུལ་ཡིན།”

མི་མང་ལ་གསུང་བཤད་སྐབས་བཀའ་ལན་སྩལ་བའི་བརྙན་ལ་འདི་ནས་གཟིགས་ཐུབ། འདིར་ནོན།