སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཏུ་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཏུ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཕེབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། 


ཚེས་ ༡༢ ཉིན་སི་བེ་ཌིན་མལ་མའོ་གྲོང་ཁྱེར་དུ་ཨ་ཡེ་ཨེམ་(Individuell Människohjälp (IM))ཞེས་པའི་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་མལ་མའོ་ལེ་ཧྥུ་(Malmö Live)ཞེས་པའི་ཚོགས་ཁང་དུ་ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་(Happiness and Peace)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཕྲིན་ནས་དབུ་བཙུགས་ཏེ། ཚེས་ ༡༦ ཉིན་གྱི་སྔ་དྲོ་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་(Ahoy Rotterdam) ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་(Why Compassion is Essential in our Troubled World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་།  ཚེས་ ༡༧ ཉིན་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་( Ahoy Rotterdam) ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ།

དེ་བཞིན་ཚེས་ ༡༩ ཉིན་གྱི་སྔ་དྲོ་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་གནང་རྒྱུ།   

ཚེས་ ༢༡ ཉིན་གྱི་སྔ་དྲོ་སུད་སི་རུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ།   ཚེས་ ༢༢ ཉིན་གྱི་སྔ་དྲོ་སུད་སི་རུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་དང་།   ཚེས་ ༢༣ ཉིན་གྱི་སྔ་དྲོ་སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོང་ཆོས་འཁོར་དགོན་དང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཛུ་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion) ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ།  རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་བཅས།།