སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་དང་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་བ། 

མདུན་ངོས། / སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་དང་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་བཞིིའི་རིང་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་ ༧༡ ནས་ཕེབས་པའི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་དགེ་བསྙེན་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག། གཞན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་འཆར་ཅན་ལྟར་ཆུ་ཚོད་ ༨།༠༠ ནས་ཕོ་བྲང་ནང་མཇལ་བཅར་ཁག་ལ་མཇལ་ཁ་གནང་གྲུབ་རྗེས་ཆུ་ཚོད་༩།༣༠ ཙམ་ལ་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཨིན་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་བཞིན་སྐད་རིགས་གཞན་གྱི་ཐོག་ཀྱང་ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་བ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།

བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་།། ཐ་མར་ལྟ་ཞི་ཀུན་བཟློག་པ།། ཞེས་པའི་ཐ་མར་ལྟ་ཞི་ཀུན་བཟློག་པ་ཞེས་པ་འདིས་ནི་བདེན་འཛིན་བག་ཆགས་དང་བཅས་པ་སྦྱོང་བའི་སྡེ་ཚན་གཅིག་དང་། བདེན་འཛིན་བག་ཆགས་དང་བཅས་པ་སྦྱོང་བའི་སྡེ་ཚན་འདིའི་ནང་དུ་ཤེས་རབ་ཀྱི་ཆ་ནས་བར་དུ་བདག་ནི་ཟློག་པར་བྱེད་ཅེས་སྟོང་ཉིད་ཀྱི་ལྟ་བ་དེ་ག་རང་ཆགས་ཡོད། སྟོང་པ་ཉིད་འགྲེལ་བཤད་སྐྱོན་ཡོང་སྐབས་རིགས་པ་མདོར་བསྡུས་ཀྱིས་གསུངས་པ་ཞིག་དང་། རིགས་པ་མཐའ་ཡས་པའི་སྟེང་ནས་གཏན་ལ་ཕབ་པའི་ཁྱད་པར་ཕྲན་བུ་ཡོད་ཀྱང་རང་བཞིན་མེད་པའི་དེ་ཁོ་ན་ཉིད་གཅིག་པ་ཆགས་ཡོད། དེར་བརྟེན་དྲི་མ་བག་ཆགས་དང་བཅས་པ་སྦྱོང་བའི་ཐབས་སམ་ནུས་པ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་འདོན་གྱི་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་གི་ཉམས་ལེན་གྱིས་རྒྱབ་རྟེན་ཡོད་པ་བྱས་ཏེ་སྟོང་ཉིད་སྒོམ་པ་ཡིན་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་ཤེས་རབ་རྐྱང་རྐྱང་མིན་པར་སྟོང་ཉིད་ཀྱི་ལྟ་བ་ལ་ཚོགས་རྒྱ་ཆེན་པོས་རྒྱབ་རྟེན་ཡོད་པ་ཞིག་གི་ཐོག་ནས་ཤེས་སྒྲིབ་ཀྱི་གཉེན་པོ་སྐྱེས་བཞིན་ཡོད་པ་ཁ་སང་རོབ་ཙམ་ཞུས་པ་དེ་ལྟར་རེད། ཚོགས་རྒྱ་ཆེན་པོ་འདོམ་རྒྱུ་དེ་ལ་གཙོ་བོ་བྱམས་པ་དང་སྙིང་རྗེ་རྩ་བར་གྱུར་བའི་བྱང་ཆུབ་ཀྱི་སེམས་དང་། དེ་ཡང་སྙིང་རྗེས་སེམས་ཅན་ལ་དམིགས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཞེས་ཁ་སང་ཞུས་པ་བཞིན། བྱང་ཆུབ་ཀྱིས་སངས་རྒྱས་ཀྱི་སྐུ་གསུམ་གྱི་བདག་ཉིད། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཅས་སྐུ་གསུམ་གྱི་བདག་ཉིད་དམ། ཡང་ན། ངོ་བོ་ཉིད་སྐུ་བསྣན་པའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཤིག་གསུང་གི་ཡོད་པ་རེད། མངོན་རྟོགས་རྒྱན་གྱི་ནང་དུ་གསལ་བོ་ཡོད་པ་རེད། དེ་ལྟ་བུའི་འབྲས་བུ་སངས་རྒྱས་ཀྱི་ས་ཡི་སྐུ་བཞིའི་བདག་ཉིད་ཅན་གྱི་གོ་འཕང་མངོན་དུ་གྱུར་པ་ལ་དེའི་རྒྱུ་ཚོགས་འབྲས་བུ་དང་རྣམ་པ་རྗེས་སུ་མཐུན་པའི་རྒྱུ་ཆ་ཚང་བ་ཞིག་ལ་བརྟེན་ནས་བསྒྲུབ་དགོས།


དེར་བརྟེན། སྔགས་ཀྱི་གཞུང་འདི་སླེབས་ཀྱི་ཡོད་པ་རེད། སྔགས་ཀྱི་གཞུང་དུ་འདི་ལྟར་གསུང་གི་འདུག གལ་ཏེ་སྟོང་པ་ཐབས་ཡོད་ན།། དེ་དེ་སངས་རྒྱས་ཉིད་མི་འགྱུར།། རྒྱུ་མཚན། རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར།། དེ་ལ་ཕལ་ཆེར་རྒྱུ་མཚན་འདུག  སྟོང་པ་ཉིད་སྒོམ་པ་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་མ་རེད། སྟོང་པ་ཉིད་སྒོམ་པ་ལ་ཕྱིན་དྲུག་གི་ཉམས་ལེན་གྱི་རྒྱབ་རྟེན་ཡོད་པ་དེ་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། སངས་རྒྱས་ཀྱི་གོ་འཕང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་དེ་ལྟ་བུ་ཞིག་ལ་སླར་མི་རྟག་པའི་ཚུལ་གྱིས་ཉམས་པར་བྱ་ཞེས་པའི་ཆོས་སྐུ་དེ་ལྟ་བུའི་རྒྱུ་ཚོགས་ཤིག་གིས་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་སྟོང་ཉིད་སྒོམ་པ་ཡིན་པས་ཡོང་གི་ཡོད། ཡིན་ནའང་། དེ་ལྟ་བུའི་ལམ་སྒོམ་པ་དེས་ཡེ་ཤེས་ཆོས་སྐུ་དང་རྗེས་སུ་མཐུན་པའི་འཕགས་པའི་མཉམ་གཞག་གི་བློ་དེ་དག་ཆོོས་སྐུ་དང་རྗེས་སུ་མཐུན་པའི་ལམ་ཞིག་ཡོང་གི་འདུག།  གཟུགས་སྐུ་དང་རྗེས་སུ་མཐུན་པ་ཞིག་ཡོང་གི་མི་འདུག་ཅེས་གསུང་གི་ཡོད་པ་རེད། སངས་རྒྱས་ཀྱི་ས་དེ་སྐུ་བཞིའི་བདག་ཉིད་དང་། མདོར་ན་ཆོས་གཟུགས་ཀྱི་སྐུ་གཉིས་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་ཡི་སྐུ་དམ་པ་གཉིས་ལྡན་ཞིག་ཡིན་པས་དེའི་རྒྱུ་ཚོགས་དེ་ཡང་ཆོས་སྐུ་སྒྲུབ་བྱེད་ཀྱི་རྒྱུ་ཚོགས་འཕགས་པའི་མཉམ་བཞག་ཡོད་པ་བཞིན་གཟུགས་སྐུ་སྒྲུབ་བྱེད་ཀྱི་རྒྱུ་ཞིག་དགོས་ཀྱི་རེད། ཆོས་སྐུ་སྒྲུབ་པ་ལ་ཁོ་རང་གི་རྗེས་སུ་མཐུན་པའི་རྒྱུ་ཞིག་དགོས་ཀྱི་ཡོད་པ་དང་། གཟུགས་སྐུ་སྒྲུབ་པ་ལ་དེ་ལྟ་བུའི་རྒྱུ་མི་དགོས་པའི་རྒྱུ་མཚན་བཤད་ཐུབ་པ་མི་འདུག 

སྟོན་པ་སུམ་ཅུ་རྩ་གཉིས་མཚན།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན།།
དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ།། ཐབས་ནི་སྟོན་པའི་གཟུགས་ཅན་ནོ།།

དེ་ལྟ་བུའི་འབྲས་བུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཡོད་པའི་གཞན་དོན་གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་སྐུའི་རྒྱུ་ཚོགས་སྒྲུབ་པ་ལ་དེ་དང་རྗེས་སུ་མཐུན་པའི་རྒྱུ་ཞིག་དགོས་པ་རེད། མདོར་ན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེའི་རྗེས་སུ་མཐུན་པའི་རྒྱུ་ཞིག་དགོས་པ་རེད། དེར་བརྟེན། ལྷ་སྐུ་སྒོམ་པ་དེ་བཤད་ཀྱི་ཡོད་པ་རེད། ལྷ་སྐུ་སྒོམ་པ་དེ་ཁ་སང་རོབ་ཙམ་ཞུས་པ་ལྟར་ལྷ་སྐུ་སྒོམ་པའི་རྒྱུ་ཆ་ལྟ་བུ་གང་ཡང་མེད་པར་སྒོམ་ནས་ཡོང་རྒྱུ་མེད། དེར་བརྟེན་བྱ་རྒྱུད་ཀྱི་སྐབས་ནས་བྱ་རྒྱུད་ཀྱི་ལྷ་དྲུག་ཅེས་གཙོ་བོ་སྟོང་ཉིད་སྒོམ་ནས་སྟོང་པའི་ངང་ལས་སྔགས་ཀྱི་སྒྲ་སྨྲས་པ་དང་། སྟོང་པ་ཡི་གེ་སྒྲ་གཟུགས་ལྷ།། ཞེས་གསུངས་པ་ནང་བཞིན་བྱ་རྒྱུད་ལྷ་དྲུག་སྒོམ་སྐབས་དང་པོ་སྟོང་ཉིད་སྒོམ་དགོས། དེ་ནས་སྟོང་པའི་ངང་ལས་ཞེས་པ་ནི་ས་ཆ་སྟོང་པ་ཞིག་གི་སྟེང་དུ་གཞི་ནས་ཁང་པ་བརྩིགས་ཟེར་བ་ལྟ་བུ་མ་རེད། སྟོང་པའི་ངང་ལས་ཞེས་པ་ནི་ང་རང་ཚོར་ཆོས་ཇི་ལྟ་བུ་ཞིག་སྣང་བ་ཡིན་ནའང་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད་པ་རེད་ལ། སྣང་བ་ལྟར་དུ་དོན་གྱི་ངོས་ནས་ཡོད་པ་ལྟར་འཛིན་མཁན་གྱི་བློ་ཞིག་ཆགས་འགྲོ་བཞིན་ཡོད། དེའི་གཉེན་པོ་ནི། བར་དུ་བདག་ནི་ཟློག་པར་བྱེད།། ཅེས་པ་ཁོ་ནས་ཐོག་ནས་འགྲོ་བ་མ་གཏོགས་མི་འདུག། དེ་ཡང་དབུ་མ་བཞི་བརྒྱ་བའི་ནང་དུ། 

སྲིད་པའི་ས་བོན་རྣམ་ཤེས་ཏེ༎ ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ༎
ཡུལ་ལ་བདག་མེད་མཐོང་ན་ནི༎ སྲིད་པའི་ས་བོན་འགག་པར་འགྱུར༎

ཞེས་གསུངས་ཡོད། འོ་ན་སྲིད་པའི་ས་བོན་གང་འདྲ་རེད་ཟེར་ན། 

ལུས་ལ་ལུས་དབང་ཇི་བཞིན་དུ༎ གཏི་མུག་ཀུན་ལ་གནས་འགྱུར་ཏེ༎
དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌༎ གཏི་མུག་བཅོམ་པས་བཅོམ་པར་འགྱུར༎ 

ཞེས་ཉོན་མོངས་ཚང་མའི་རྩ་བ་གཏི་མུག་གིས་བྱེད་ཀྱི་ཡོད་པ་རེད། ད་འོ་ན་གཏི་མུག་ཇི་ལྟ་བུ་ཞིག་རེད། མི་ཤེས་པ་ཙམ་མ་རེད་དམ་ཟེར་ན། དེའི་རྗེས་སུ་གཏི་མུག་གི་གཉེན་པོ་ལ་འདི་ལྟར་གསུངས་འདུག 

རྟེན་ཅིང་འབྲེལ་པར་འབྱུང་བ་ནི།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། 

ཞེས་ཆོས་ཐམས་ཅད་བརྟེན་ནས་བཏགས་ཙམ་མ་གཏོགས་དོན་གྱི་ངོས་ནས་མེད་པ་ཞིག་མཐོང་ཡོང་དུས་དེས་གཏི་མུག་གི་གཉེན་པོ་བྱེད་ཀྱི་ཡོད་པ་རེད་ཟེར་དུས་གཏི་མུག་དེའི་ལྡོག་ཟླ་ཆོས་རྣམས་ངོ་བོ་ཉིད་ཀྱིས་འཛིན་བསྡད་མཁན་ཞིག་ཡིན་པ་གསལ་བོ་འདུག།  སྲིད་པའི་ས་བོན་རྣམ་ཤེས་ཏེ་ཞེས་པ་དེ་ལྟ་བུ་ཞིག་གི་སྒང་ལ་ཡིན་པ་གསལ་བོ་རེད། 

རྟེན་ཅིང་འབྲེལ་པར་འབྱུང་བ་ནི།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། 
དེ་ཕྱིར་འབད་པས་ཀུན་གྱིས་འདིར།། གཏམ་དེ་ཁོ་ན་བསྙད་པར་བྱ།། 

བཞི་བརྒྱ་བའི་ཚིག་རེད། དེར་བརྟེན། སྟོང་ཉིད་ཀྱི་ལྟ་བས་སྲིད་པའི་རྩ་བ་གཏི་མུག་དང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་གཏི་མུག་གིས་བྱེད་ཀྱི་ཡོད་པས་དེའི་གཉེན་པོར་རྟེན་འབྱུང་གི་དེ་ཁོ་ན་ཉིད་བཤད་དགོས་པ་རེད་ཅེས་གསུངས་འདུག 

རྣམ་མཁྱེན་གྱི་སྐུ་སྒྲུབ་པ་དང་དམ་པ་གཉིས་ལྡན་གྱི་སྐུ་སྒྲུབ་པར་སྔོན་ལ་དེ་ལྟ་བུའི་ཉོན་མོངས་ཀྱི་གཉེན་པོ་བྱེད་མཁན་ཞིག་ཀྱང་དགོས་པ་རེད། དེའི་ཐོག་ལ་གཟུགས་སྐུའི་རྒྱུ་ཆ་ཚང་བ་ཞིག་ཡོང་དགོས་པ་ཞིག་འདུག དེར་བརྟེན། སྔགས་ཀྱི་གཞུང་ཚང་མའི་ནང་དུ་སྟོང་པ་ཉིད་དུ་གྱུར་ཞེས་པ་དང་པོར་བཤད་བཞིན་ཡོད། སྟོང་ཉིད་སྒོམ་པ་དང་བྲལ་བ་ཡིན་ན་ལྷ་སྒོམ་པ་ཙམ་སྲིད་པའི་རྩ་བ་གཏི་མུག་གི་གཉེན་པོ་ལ་འགྲོ་ཐུབ་པ་ཡོད་པ་མ་རེད། གང་ལྟར་འབྲས་བུའི་ས་ལ་ཡིན་ནའང་གཞན་དོན་གཟུགས་སྐུ་དེ་ཆོས་སྐུའི་དབྱིངས་ལས་ཤར་པ་རེད། ཡེ་ཤེས་ཀྱི་རང་བཞིན་རེད། སྔོན་ལ་ཆོས་སྐུ་མངོན་དུ་མ་བྱས་ན་གཟུགས་སྐུ་ཤར་ཐུབ་པ་མི་འདུག དེར་བརྟེན། སྔགས་ཀྱི་ལམ་ཉམས་སུ་ལེན་པའི་སྐབས་སུ་སྔོན་ལ་ཆོས་སྐུ་སྒྲུབ་པའི་སྟོང་ཉིད་སྒོམ་པ་དེ་གཙོ་བོ་ཆགས་ཡོད་པ་རེད། དེ་ནས་ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཟེར་བའི་ཆོས་སྐུ་ལ་གཙོ་བོར་བསམ་བློ་བཏང་ནས་སྟོང་ཉིད་སྒོམ་པ་དང་། དེ་ནས་གཞན་དོན་གཟུགས་སྐུ་ཆོས་སྐུའི་དབྱིངས་ལས་ཤར་བ་ཡིན་པས་ད་ལྟ་ང་ཚོས་མོས་པའི་ཐོག་ནས་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག།  སྟོང་ཉིད་ཀྱི་ལྟ་བ་བློ་ལ་ཚོར་བ་ཤུགས་དྲག་པོ་ཡོད་པའི་ཐོག་ནས་སྟོང་པ་ཉིད་ལ་ངེས་པ་དྲངས་པའི་བློ་དེ་ཉིད་རྒྱུ་ཆ་བྱས་ཏེ་ཞི་ལྷག་གི་རྣམ་པ་ལ་ཤར་བསྡད་པ་ཞིག  ས་བོན་དང་ཕྱག་མཚན་སོགས་ལས་སྐྱེས་པ་བཅས་བྱས་ཏེ་འགྲོ་དགོས་ཀྱི་འདུག། སྟོང་ཉིད་སྒོམ་ནས་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷ་རུ་ཤར་བ་དེ་མེད་ན་ལྷ་སྒོམ་པ་ཙམ་གྱིས་སྲིད་པའི་རྩ་བ་མ་རིག་པ་ལ་གཉེན་པོ་བྱེད་པའི་རྒྱུ་མཚན་མི་འདུག། ད་དུང་ལྷ་བསྐྱེད་ནས་གྲུབ་མཐོ་མང་པོ་བྱས་པ་ཡིན་ན་རྣམ་རྟོག་འཕེལ་བའི་རྒྱུ་ཆགས་པའི་ཉེན་ཁ་འདུག གང་ལྟར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་སྟོང་ཉིད་ཀྱི་གཟུང་རྣམ་ལྷ་རུ་ཤར་བ་ཞིག་དང་། དེ་ཡང་རང་གཅིག་པུ་མ་ཡིན་པར་སྣོད་བཅུད་ཡོངས་རྫོགས་དག་པའི་སྣང་བ་ལ་སྒོམ་ནས་འགྲོ་བཞིན་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དགེ་བསྙེན་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག དེ་བཞིན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཅས་བཀའ་དྲིན་སྩལ་ཡོད་པ་རེད།