དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་ཉིན་གཉིས་པ།

མདུན་ངོས། / དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་ཉིན་གཉིས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་བཞིིའི་རིང་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་ ༧༡ ནས་ཕེབས་པའི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་ཉིན་གཉིས་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་རིགས་པའི་ལམ་ནས་བརྟག་དཔྱད་ཀྱིས་འགྲོ་སྟངས་དང་། རྟེན་འབྱུང་གི་ལྟ་བའི་སྐོར་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྐོར་ལ་བཀའ་སློབ་སྩལ་ཡོད་པ་རེད།

 


དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཀྱིལ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་པའི་འབྲེལ་ཡོད་ནས་གདན་ཞུ་ཞུས་པ་དང་ཕེབས་ལམ་གཡས་གཡོན་དུ་སྤོས་སྣེ། སྤྱན་རྒྱ། དཀར་གཙང་ལྷ་དར་ཐོགས་པའི་ཆོས་ཞུ་བ་ཚོས་ཕེབས་བསུ་དང་། བྱིངས་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་གསུང་འདོན་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་ཅིག་གིས་པཱ་ལིའི་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་ཀོ་རུ་ཡའི་བཙུན་མ་ཁག་ཅིག་གིས་དབུས་ཀོ་རུ་ཡའི་ཆོས་ཞུ་བ་རྣམས་ནས་ཀོ་རུ་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུང་འདོན་དང་འབྲེལ་གསུང་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན།

ཁྱོད་རང་ཚོ་ཆོས་གྲོགས་ཚང་མ་དོན་གཉེར་ཆེན་པོ་བྱས་ཏེ་འདིར་ཕེབས་པ་རེད། ཁ་སང་ཞུས་པ་ནང་བཞིན་ཚང་མར་འཚམ་འདྲི་ཞུ་རྒྱུ་དང་། ང་ཚོ་དུས་རབས་ ༢༡ པའི་ནང་དུ་སླེབས་ཡོད་པ་རེད། དུས་རབས་འདི་ཚན་རིག་དང་འབྲེལ་བའི་ཤེས་ཡོན་ཧ་ཅང་ཡར་རྒྱས་འགྲོ་བསྡད་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་རེད། ལོ་སྟོང་ཕྲག་རིང་གི་ཆོས་བརྒྱུད་མི་འདྲ་བ་དེ་དག་ལས་རིགས་གཅིག་ལ་འགྲེལ་བཤད་རྒྱག་རྒྱུ་མེད་པར་དད་པ་གཅིག་པུའི་ཐོག་འགྲོ་སྡོད་ཀྱི་འདུག། ཧ་ཅང་ཡག་པོ་རེད། མི་མང་པོ་ལ་ཕན་ཐོགས་ཡོང་གི་ཡོད་པ་རེད། ཁམས་དང་མོས་པ་མི་མཐུན་པའི་རིགས་འགའ་ཤས་ལ་དད་པ་རྐྱང་རྐྱང་བྱས་ཏེ་འགྲོ་སྡོད་པ་དེ་ཕན་གྱི་ཡོད་པ་རེད། བསླབ་བྱ་ནི་ཁ་སང་ཞུས་པ་བཞིན་སེམས་པ་བཟང་པོ་བྱེད་དགོས་པ་དང་། མི་ལ་ཕན་སེམས་བྱེད་དགོས་པ། གནོད་པ་མི་བྱེད་པ་བཅས་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། དེ་ལ་དྲི་བ་བཀོད་ཚེ་འགྲེལ་བཤད་རྒྱུག་རྒྱུ་ཕལ་ཆེར་རྒྱ་གར་གྱི་ཆོས་ལུགས་དག་ཤུགས་ཆེ་ཤོས་རེད་འདུག  ལོ་སྟོང་ཕྲག་གསུམ་བཞི་ཕྱིན་ཡོད་པ་རེད། ག་ལེར་ལོ་སྟོང་ཕྲག་གསུམ་གྱི་དུས་ཚོད་ཕྱིན་པའི་རིང་ལ་ཡར་རྒྱས་ལ་འགྲོ་བ་ཡོང་གི་རེད། གང་ལྟར་བདེན་གཉིས་ཀྱི་རྣམ་གཞག་ཅེས་པ་ནི་མུ་སྟེགས་པའི་གཞུང་དུའང་བཤད་ཡོད་པ་རེད། དཔེར་ན། གྲངས་ཅན་པས་ཤེས་བྱ་ཉི་ཤུ་རྩ་ལྔ་བཤད་ནས་སྤྱི་གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་བུ་དེ་དོན་དམ་བདེན་པ་དང་། གཞན་ལྷག་མ་རྣམས་ཀུན་རྫོབ་བདེན་པ་ཞེས་བཤད་ཡོང་གི་འདུག  བདེན་པ་གཉིས་ཀྱི་རྣམ་གཞག་རྒྱ་གར་གྱི་ཆོས་ལ་མ་གཏོགས་གཞན་ལ་ཕལ་ཆེར་ཡོད་པ་མ་རེད།

རྒྱ་གར་ལ་བདེན་གཉིས་ཀྱི་རྣམ་གཞག་གསུངས་ཡོད་པ་དེ་རིམ་བཞིན་ཟབ་ཏུ་ཕྱིན་ནས་ཇཱན་གྱི་ཆོས་ལུགས་དང་། དེའི་རྗེས་སངས་རྒྱས་པའི་ཆོས་ལུགས་སོགས་རིམ་བཞིན་ཡར་རྒྱས་ལ་ཕྱིན་པ་ལྟར་རེད། ཐུན་མོང་གདུལ་བྱའི་ངོར་བཤད་པ་ཡིན་ན་བཅོམ་ལྡན་འདས་ཁོང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་སྤྱད་མཛད་པའི་སྐབས་སུ་ཕལ་ཆེར་མུ་སྟེགས་པ་དང་ཐུན་མོང་བ་ཡིན་པའི་ཞི་གནས་དང་། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་སྒོམ་པ་བཅས་གནང་ཡོད་པ་རེད། མུ་མཐུད་དཔྱད་པ་གནང་བའི་སྐབས་སུ་སྣང་ཙམ་དེ་མ་ཡིན་པར་བཤད་ཡོང་སྐབས་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།།  ཞེས་གསུངས་པའི་སྟེང་དུ་དགོངས་པ་བཞེས་པ་དང་། གང་ལྟར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མིང་ཙམ་བཏགས་ཙམ་ཞེས་གསུངས་པ་དེ་བདེན་པ་བཞི་དང་འབྲེལ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུངས་ཡོང་སྐབས་ཐོག་མའི་མ་རིག་པ་ལ་མི་ཤེས་པ་ཙམ་གྱི་མ་རིག་པ་ཞིག་ཡོང་གི་རེད་དེ། ཕྱིན་ཅི་ལོག་པའི་མ་རིག་པ་དང་དེས་ང་ཚོའི་སྡུག་བསྔལ་གྱི་རྩ་བ་བྱེད་ཀྱི་ཡོད་པ་དང་། ཕྱིན་ཅི་ལོག་པའི་མ་རིག་པ་དེ་ལོག་རྟོག་ཡིན་དང་མིན་ནི་བློ་དེས་ཇི་ལྟར་བཟུང་བ་ནང་བཞིན་དོན་ལ་གནས་ཡོད་མེད་ལ་དཔྱད་པ་བྱེད་དགོས་པ་རེད། རང་དགར་བློ་དེ་ལོག་རྟོག་རེད་ཅེས་ཟེར་བས་ཕན་གྱི་མེད། བློ་དེའི་འཛིན་སྟངས་ཇི་ལྟར་ཡིན་པ་དང་། དེ་དག་བརྟག་དཔྱད་བཏང་ནས་བཅོམ་ལྡན་འདས་ལ་ཞེ་ས་མ་ཞུས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད་ལ་སྐུ་ཚེ་མང་པོའི་གོམས་གཤིས་ཀྱང་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་བདག་མེད་པའི་ལྟ་བ་དཔྱིས་ཕྱིན་པ་ཐུགས་ལ་ཆུབ་པ་དང་། དེ་བསྒོམས་ནས་ཐུན་མོང་གི་གདུལ་བྱའི་སྣང་ངོར་གསར་དུ་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད་པ་རེད། 

དེང་སང་གི་དུས་ཚོད་འདིར་དྲི་བ་མང་པོ་ཡར་སླེབས་པ་ནས་གང་ཡིན་ན་ཟེར་བ་དང་།  why? དང་Hwo ཤུགས་ཆེན་པོ་སླེབས་ཡོང་བས་འགྲེལ་བཤད་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། སངས་རྒྱས་པའི་ཆོས་དང་དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ནི་རིགས་པའི་ལམ་ནས་གཞི་ཡི་གནས་ཚུལ་དང་ལམ་གྱི་གནས་ཚུལ་གལ་ཆེན་པོ་ཡིན་པ་དང་།  དེ་ལས་ཀྱང་གཞི་ཡི་གནས་ཚུལ་ཧ་ཅང་གལ་ཆེན་པོ་རེད། གཞི་ཡི་གནས་ཚུལ་གཞི་ལ་བཞག་ནས་ལམ་གྱི་རྣམ་གཞག་བཤད་དགོས་པ་རེད། གཞི་ལ་མེད་པ་ཞིག་སྒོམ་ནས་འདི་རུ་ཅིག་ཡོང་གི་རེད་ཟེར་བ་ཁག་པོ་རེད། དེ་ལྟ་ན་རྒྱུ་མེད་རྐྱེན་མེད་སྟེང་ནས་ཡོང་དགོས་པ་བཤད་དགོས་འཁེལ་གྱི་རེད། དེ་ལྟར་ཡིན་ཚེ་འདུས་བྱས་ཀྱི་མཚན་ཉིད་ཚང་གི་ཡོད་པ་མ་རེད། རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་བ་ཞིག་དང་། རྒྱུ་རྐྱེན་གྱི་དབང་གིས་འགྱུར་བ་འགྲོ་བ་ཞིག་ཆགས་ཀྱི་ཡོད་པས་གཞི་ལ་ཡོད་པ་ཞིག་དང་། དེ་ཡང་གཙོ་བོ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡོད་པ་རེད་ཟེར་བའི་གཞི་ཡི་གནས་ཚུལ་བདེན་གཉིས་དང་། དེ་དང་ཆབས་ཅིག་རྒྱུ་འབྲས་ཀྱི་རྟེན་འབྱུང་བཤད་སྐབས་སྡུག་བསྔལ་གྱི་རྩ་བ་མ་རིག་པས་བྱས་པ་རེད་ཅེས་སོགས་གསུངས་ཡོང་སྐབས་རིག་པ་དང་ལྡན་པ་རེད། ཅི་ཙམ་གྱིས་དཔྱད་པ་བྱས་པ་དེའི་ཚོད་ཀྱིས་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་དང་། ཡིད་ཆེས་བརྟན་དུ་འགྲོ་བ་ཞིག་ཆགས་ཡོད་པ་རེད།

དུས་རབས་ ༢༡ པའི་ནང་ང་རང་ཚོ་ཨེ་ཤ་ཡའི་ལུང་པའི་ནང་དུ་མང་པོ་ཞིག་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཆགས་ཡོད་པ་རེད། དེ་སྔ་ནང་པའི་ཆོས་མ་དར་བའི་ཡུལ་གྲུ་ཚོའི་ནང་དུའང་དོ་སྣང་བྱེད་མཁན་ཡོང་གི་འདུག། ཚན་རིག་པའི་ནང་དུ་ཡིན་ནའང་སངས་རྒྱས་པས་རྟེན་འབྱུང་གིས་ཡིད་འཕྲོག་མཁན་བྱུང་ཡོད།  ངོས་ཀྱིས་ངོ་ཤེས་པའི་ཚན་རིག་པ་ཁ་ཤས་ལ་ཚན་རིག་གི་ལྟ་གྲུབ་ནང་དུ་རྟེན་འབྱུང་ཟེར་བ་དེ་ཡོད་པ་རེད་དམ་ཞེས་སྐད་ཆ་དྲིས་པ་ཡིན། ཚན་རིག་པའི་སྤྱིར་བཏང་གི་ལྟ་གྲུབ་ནང་དུ་རྟེན་འབྱུང་ཟེར་བ་ཡོད་པ་མ་རེད། འོན་ཀྱང་། བར་སྐབས་རྟེན་འབྱུང་ཟེར་བ་དེ་ཚན་རིག་པའི་ལྟ་གྲུབ་ནང་འཚང་ཁ་བརྒྱབ་ནས་ཡོང་པ་དང་། ཡོང་ནས་ཚན་རིག་གི་སྡེ་ཚན་ནང་དུ་རྐུབ་སྟེགས་བརྟན་པོ་ཞིག་རག་ཡོད་པ་རེད་ཟེར། དེ་བདེན་པ་རེད།  རྟེན་འབྱུང་ལའང་དགོངས་པ་རབ་གསལ་ནང་དུ་རོབ་ཙམ་ཞིག་ཡོད་པ་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་གཅིག་དང་། ཆ་ལ་བལྟོས་ནས་གྲུབ་པས་ལྟོས་གྲུབ་ཀྱི་རྟེན་འབྱུང་གཅིག དེ་ནས་མཐའ་ལ་གཏུགས་ཡོང་སྐབས་མིང་རྐྱང་བཏགས་ཡོད་ཙམ་དང་། རྟེན་ནས་བཏགས་ཙམ་ཞེས་པའི་རྟོག་བཏགས་ཀྱི་རྟེན་འབྱུང་ཕྲ་མོ་བཅས་རྟེན་འབྱུང་རིམ་པ་གསུམ་སླེབས་ཀྱི་ཡོད། འདི་ཚོའི་གྲས་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆུ་ཚོད་༡༠།༣༠ ཙམ་ལ་གསོལ་ཇའི་བར་གསེང་དང་བསྟུན་ནས་ཀོ་རུ་ཡའི་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་གྲུབ་མཚམས་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་གིས་ཉིན་གཉིས་པའི་གསུང་ཆོས་གནང་སྒོ་འཇུག་ལེགས་པར་གྲུབ་ཡོད་པ་བཅས།།