དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་པ།

མདུན་ངོས། / དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་བཞིིའི་རིང་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་ ༧༡ ནས་ཕེབས་པའི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་ཡོད་པ་རེད།
 
དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཀྱིལ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་པའི་འབྲེལ་ཡོད་ནས་གདན་ཞུ་ཞུས་པ་དང་ཕེབས་ལམ་གཡས་གཡོན་དུ་སྤོས་སྣེ། སྤྱན་རྒྱ། དཀར་གཙང་ལྷ་དར་ཐོགས་པའི་ཆོས་ཞུ་བ་ཚོས་ཕེབས་བསུ་དང་། བྱིངས་ནས་སྟོན་པའི་མཚན་སྔགས་གསུང་འདོན་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། རྒྱ་ནག་དང་ཨིན་ཌོ་ནེ་ཤཱིས་ཡ། ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་བཅས་ཀྱི་མཁན་པོ་དང་བླ་མ་དབུ་ལས་ཁག་ཅིག་གིས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་ཅིག་གིས་པཱ་ལིའི་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་བཙུན་མ་དང་ཆོས་ཞུ་བ་ཡོངས་ནས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། 

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།།  

ཞེས་སོགས་གསུང་འདོན་དང་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་རིམ་བཞིན་བཀའ་སློབ་སྩལ། 

དེ་ཡང་༸གོང་ས་མཆོག་གིས། དེ་རིང་འདིར་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་མང་པོ་ཞིག་ནས་ཆེད་མངགས་འདིར་ཕེབས་ཡོད་པ་རེད། ལྷག་པར་དུ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་ཐའེ་ལན་ཊི། འབར་མ་སོགས་ཀྱི་དགེ་སློང་རྣམ་པ་མང་པོ་ཞིག་ཕེབས་ཡོད་པ་རེད། ཁྱེད་རང་ཚོ་ཆེད་མངགས་འདིར་ཕེབས་པར་དགའ་བསུ་དང་འཚམ་འདྲི་ཡོད། ངོས་ཀྱིས་ནམ་རྒྱུན་འཛམ་གླིང་འདིའི་སྒང་ལ་བཤད་བསྡད་པ་ནི། ཕྱོགས་གཅིག་ནས་ང་རང་འཛམ་གླིང་འདིའི་མི་ཞིག་རེད། དེར་བརྟེན་འཛམ་བུའི་གླིང་ལ་བདེ་སྐྱིད་ཡོང་ན་ང་རང་ལའང་བདེ་སྐྱིད་ཡོང་གི་རེད། འཛམ་བུའི་གླིང་ལ་སྡུག་བསྔལ་གྱི་ཁུང་བུར་ཚུད་ནས་བསྡད་པ་ཡིན་ན་སོ་སོའི་སེམས་སྐྱིད་པོ་ཡོང་རྒྱུ་གང་ཡང་མི་འདུག དེ་ཆོས་དང་སྐྱེ་བ་ཕྱི་མའི་སྐད་ཆ་གང་ཡང་མ་རེད། ང་རང་ཚོ་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དངོས་ཡོད་གནས་ཚུལ་ལ་སྡུག་བསྔལ་མང་པོ་ཞིག་ང་རང་ཚོ་མིས་བཟོ་བཞིན་འདུག གང་ལྟར་རང་གཞན་རོགས་གསུམ། ཆོས་དད་ཡོད་དང་མེད། ཆོས་གང་འདྲ་བྱེད་ཀྱི་ཡོད་དང་མེད་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་སྟབས། ནམ་རྒྱུན་ཕྱི་ལོགས་ཀྱི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་བདེ་བ་བཙལ་བ་དང་། སྡུག་བསྔལ་སེལ་བ་བྱེད་སྡོད་ཀྱི་ཡོད། འདིས་སེམས་ཀྱི་སྡུག་བསྔལ་སེལ་ཐབས་ཐུབ་མེད་པ་ཧ་ཅང་གསལ་བོ་རེད། 

བདེ་བ་དང་སྡུག་བསྔལ་ཞེས་པ་ལ་ལུས་ཚོར་གྱི་བདེ་བ་དང་སྡུག་བསྔལ་གཅིག་ཡོད་པ་ཁ་ཚ་བོ་ཡོད་པས་ཧ་ཅང་གནད་ཆེན་པོ་རེད། ཡིན་ནའང་། གཙོ་བོ་སེམས་ཀྱི་བདེ་སྡུག་གལ་ཆེན་པོ་འདུག ཚང་མས་མཁྱེན་གསལ་ལྟར་སེམས་མ་སྐྱིད་པ་ཡོད་ཚེ་ཕྱིའི་མཐུན་རྐྱེན་ཧ་ཅང་བཟང་པོ་ཡོད་ཀྱང་སྐྱིད་པོ་གང་ཡང་མེད། སེམས་ཀྱི་སྡུག་བསྔལ་ཕྱིའི་མཐུན་རྐྱེན་གྱིས་སེལ་ཐུབ་ཀྱི་མེད། སེམས་ཀྱི་ཞི་བདེའམ་སེམས་ལ་བདེ་སྐྱིད་ཡོད་ཚེ་ཕྱིའི་མཐུན་རྐྱེན་འཛོམས་པོ་མེད་ཀྱང་མི་སྐྱིད་པོ་དང་བག་ཕེབས་པོ་སྡོད་ཐུབ་པ་ཞིག་ཡོང་གི་འདུག ངོས་ནས་རྒྱུན་དུ་བརྗོད་བཞིན་ཡོད། ངོས་རང་སྔོན་མ་པར་སི་ལོ་ན་ལ་ཐེངས་ཤིག་ཕྱིན་སྐབས་མོར་སི་ལོ་ན་ཟེར་བའི་ལྷ་ཁང་ལྟ་བུ་ཆེན་པོ་ཞིག་ཡོད་པ་རེད། ངོས་རང་དེར་སླེབས་སྐབས་ཁལ་ཐོ་ལི་ཁུ་ཡི་གྲྭ་བ་ཞིག་གིས་ངོས་ལ་ཐུག་འདོད་བྱེད་ཀྱི་འདུག་ཅེས་ཟེར་ནས་ཐུག་པ་རེད། ཁོང་གིས་ལོ་ལྔའི་རིང་སི་པིན་གྱི་མོང་སི་རོ་ཊི་Montserrat ཁཱ་ཐོ་ལིཁ་ Catholic དགོན་པའི་རྒྱབ་ལོགས་ཀྱི་རི་དེའི་སྟེང་ང་རང་ཚོས་བཤད་ན་བྱ་བྲལ་ལྟར་ཇ་དང་བག་ལེབ་མ་གཏོགས་ཟ་མ་གཞན་མེད་པར་བསྡད་འདུག ངས་ཁོང་ལ་ངོས་ཀྱིས་གོ་ཐོས་ལ་ཁྱེད་རང་ལོ་ལྔའི་རིང་བྱ་བྲལ་བྱས་ནས་བཞུགས་པ་རེད་ཅེས་གོ་སོང་། རི་ལ་ག་རེ་གནང་ནས་བཞུགས་པ་ཡིན་ཞེས་བཀའ་འདྲི་ཞུས་པ་ཡིན། ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་གསུངས་ཀྱི་འདུག ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་གསུངས་པ་དང་། གཞན་དང་མི་འདྲ་བའི་བདེ་བ་ཞིག་ཡོད་པའི་རྣམ་པ་ཁོང་གི་མིག་གི་ནང་དུ་ཧ་ཅང་གསལ་བོ་མཐོང་སོང་། ཁོང་ལྟ་བུར་ཆ་བཞག་ན་ཆེད་དུ་གཉེར་ནས་ལྟོ་གོས་གཏམ་གསུམ་བློས་བཏང་སྟེ་རི་ཁྲོད་དུ་ལོ་ལྔར་བསྡད་པ་རེད། དེ་ནི་དཔེར་མཚོན་གཅིག་རེད། 

ང་ཚོ་བོད་པའི་ནང་དུའང་དེ་དེ་བཞིན་རིག་གནས་གསར་བརྗེ་ལངས་པའི་སྐབས་སུ་བཙོན་ལ་བཅུག་ནས་བསྡད་པ་དེ་འདྲ་རྗེས་སུ་ངོས་ལ་ཐུག་པ་མང་པོ་བྱུང་བ་རེད། དེ་ཚོ་མང་པོས་བཙོན་ལ་བསྡད་པའི་རིང་ལྟ་བུར་སྐྱིད་པ་མ་བྱུང་། སོ་སོས་བསམ་བློ་བཏང་ཁ་བཏོན་བྱས་ནས་བསྡད་པས་ཧ་ཅང་ཡག་པོ་བྱུང་། ངལ་རྩོལ་དགོས་པ་དེ་ཚོར་བསམ་པ་རྣམ་དག་གིས་རྒྱུགས་པ་ཡིན། སྡུག་བསྔལ་གང་ཡང་མ་བྱུང་གསུངས་མཁན་འདུག ངོས་ཀྱི་ངོ་ཤེས་པ་གྲྭ་བ་ཞིག་ཡོད། ཁོང་བཙོན་ཁང་ནང་དུ་ངལ་རྩོལ་ལ་རྒྱུགས་ནས་ལོ་བཅོ་བརྒྱུད་རིང་བསྡད་པ་རེད། དཀའ་ངལ་ཆེན་པོ་བྱུང་འདུག ངེད་གཉིས་སྐད་ཆ་བྱུང་སྐབས་ཁྱོད་རང་ལོ་འདི་འདྲ་རིང་བཙོན་ལ་བསྡད་ནས་དཀའ་ངལ་གང་འདྲ་བྱུང་ཞེས་དྲིས་པར་གནས་སྐབས་ཁ་ཤས་ཤིག་ལ་ཉེན་ཁ་དེ་འདྲ་བྱུང་ཟེར། ཉེན་ཁ་ཟེར་དུས་སྲོག་གི་ཉེན་ཁ་ཡིན་རྒྱུ་རེད་བསམ་ནས་ཉེན་ཁ་ག་རེ་བྱུང་ཞེས་དྲིས་པར་སྙིང་རྗེ་ཉམས་རྒྱུའི་ཉེན་ཁ་བྱུང་ཟེར། བཙོན་ཁང་ནང་གི་ལས་བྱེད་སྡུག་པོ་གཏོང་མཁན་ཚོར་སྐབས་རེ་སྐབས་རེར་ཞེ་སྡང་སྐྱེས་གྲབས་བྱེད་ཡོང་དུས་སྙིང་རྗེ་ཉམས་འགྲོ་གི་འདུག་ཟེར། སྙིང་རྗེ་ཉམས་ན་ཉེན་ཁ་ཆེན་པོ་ཡོད་པ་ལ་བརྩིས་ཏེ་ལོ་བཅོ་བརྒྱད་རིང་དེ་ལྟ་བུའི་གནས་སྐབས་ཁ་ཤས་བྱུང་ཞེས་ཁོང་གིས་ཟེར་གྱི་འདུག སྙིང་རྗེ་ཧ་ཅང་གལ་ཆེན་པོར་བརྩིས་ནས་ཉམས་ལེན་བྱས་སོ་སོར་སྡུག་པོ་གཏོང་མཁན་ཚོ་ལའང་ལྷག་ཏུ་སྙིང་རྗེ་སྒོམ་གྱི་ཡོད་པ་རེད། དེ་ཚོའི་གྲས་ལ་ལུས་པོར་དཀའ་ངལ་ཡོད་ཀྱང་སེམས་ལ་དངོས་གནས་ཞི་བདེའམ་ལྷོད་ཤིག་གེར་སྡོད་པ་ཞིག་ཡོང་གི་ཡོད་པ་རེད།  དེར་བརྟེན། ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་གཉིས་ལས་སེམས་ཀྱི་བདེ་སྡུག་ཧ་ཅང་གལ་ཆེ་བ་རེད། 

དེང་སང་འཛམ་གླིང་འདིར་དངོས་པོ་ཡར་རྒྱས་རྐྱང་བར་བསམ་བློ་བཏང་ནས་འགྲོ་བཞིན་པ་དེས་ཕྱི་ཡི་ལུས་པོའི་སྡུག་བསྔལ་ཉུང་དུ་འགྲོ་བ་དང་། མཐུན་རྐྱེན་ཡག་ཏུ་ཕྱིན་ནས་འཕྲོད་བསྟེན་སོགས་ལས་ལུས་ལ་བདེ་སྐྱིད་ཡོང་བ་ཞིག་ཡོད་ཀྱང་། སེམས་ཀྱི་སྡུག་བསྔལ་ཉུང་དུ་འགྲོ་བ་དང་། བདེ་སྐྱིད་མང་དུ་འགྲོ་བ་ལ་ཕན་གྱི་ཡོད་པ་མ་རེད། དེར་བརྟེན། ཆོས་ཡོད་མཁན་ཡིན་ནའང་རེད། ཆོས་མེད་མཁན་ཡིན་ནའང་རེད། གང་ལྟར་ང་ཚོ་མི་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་ནི་ཧ་ཅང་གལ་པོ་འདུག་ཅེས་ངོས་ལ་ཚན་རིག་པས་རྒྱབ་སྐྱོར་བྱེད་ཀྱི་འདུག ཚན་རིག་པ་ཞིག་གིས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་རང་བཞིན་རེད་ཅེས་ཚོགས་འདུ་ཞིག་སྐབས་སུ་ཟླ་བ་དྲུག་ལོན་པའི་ཕྲུ་གུ་མིའི་སྐད་ཀྱི་ཐོག་ནས་ཤུགས་རྐྱེན་ཐེབས་མེད་པར་ལྷན་སྐྱེས་ཀྱི་རང་བཞིན་བཅོས་མ་མིན་པ་བསྡད་ཡོད་པ་ཞིག་ལ་འགུལ་བརྙན་ཞིག་བསྟན་པ་དང་། དེའི་ནང་དུ་ཕྲུ་གུ་གཉིས་ཀྱིས་སྤོ་ལོ་ཞིག་གྱེན་ལ་དེད་ནས་འགྲོ་བཞིན་པ་དང་གཅིག་གིས་གཅིག་ལ་གད་མོ་དགོད་བཞིན་མཉམ་རུབ་ཀྱིས་སྤོ་ལོ་དེ་ཡར་དེད་འགྲོ་གི་འདུག དེ་ཟླ་བ་དྲུག་ལོན་པའི་ཕྲུ་གུས་མཐོང་སྐབས་ཧ་ཅང་དགའ་སྣང་བྱང་སོང་། འཛུམ་ཤིག་ཤིག་བྱས་སོང་། དེ་རྗེས་འགུལ་བརྙན་དེ་ག་རང་གི་ནང་དུ་ཕྲུ་གུ་གཅིག་གིས་སྤོ་ལོ་ཡར་དེད་ནས་འགྲོ་བ་དང་། ཕྲུ་གུ་གཞན་ཞིག་གིས་སྒང་ནས་བཀག་སྟེ་རོགས་མི་བྱེད་པར་བསམ་ནག་བྱེད་པ་ཟླ་དྲུག་ལོན་པའི་ཕྲུ་གུ་དེས་མཐོང་བ་དང་མ་དགའ་བ་བྱེད་ཀྱི་འདུག དེ་ངོས་རང་གིས་མཐོང་སོང་། མི་སྐད་མ་ཤེས་པའི་ཕྲུ་གུ་དེས་བྱམས་བརྩེ་ལ་དགའ་བོ་བྱེད་ཀྱི་ཡོད་པ་དང་། གཅིག་གིས་གཅིག་ལ་བསམ་ནག་བྱས་ན་རང་བཞིན་གྱིས་མ་དགའ་བ་ཡོང་གི་ཡོད་པ་ཞིག་ཚན་རིག་པ་དེས་བསྟན་སོང་། དེ་བཞིན་སྨན་པའི་ཚན་རིག་པ་དེ་འདྲས་ཀྱང་ཁོང་ཁྲོ་ཟ་བ་དང་། འཇིགས་སྣང་ཆེན་པོ་སྐྱེས་པ་ཡང་ཡང་བྱུང་བ་ཡིན་ན་ང་ཚོའི་ལུས་པོའི་བདེ་ཐང་ཡོང་བའི་ Immune system ཟེར་བ་དེ་ཉུང་དུ་འགྲོ་གི་རེད། སེམས་ལ་བྱམས་བརྩེ་དང་བདེ་སྐྱིད་བྱུང་ནས་ལྷོད་ལྷོད་བྱུང་བ་ཡིན་ན་ Immune system ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཟེར་གྱི་འདུག མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་རེད་ཅེས་ཚན་རིག་མཁས་པས་ཀྱང་བཤད་ཀྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་རེད། 

འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མ་ཡི་མངལ་ནས་བཙས་པ་ཤ་སྟག་དང་། མ་ཡི་མངལ་ནས་བཙས་ཏེ་ལོ་གཉིས་གསུམ་རིང་མ་ཡི་ནུ་ཞོས་འཚོ་བ་དང་། མ་ཡི་བརྩེ་བས་འཚོ་བསྡད་པ་ཞིག་རེད། གལ་སྲིད་མ་དང་ཁ་བྲལ་བ་དང་མས་བརྩེ་བ་མ་བྱས་པ་ཡིན་ན་ཕྲུ་གུ་ཤི་འགྲོ་གི་རེད་མ་གཏོགས་བསྡད་ཐབས་ཡོད་པ་མ་རེད། མིའི་མི་ཚེ་མགོ་ཚུགས་སྟངས་ནས་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་འདུག ངོས་ཀྱིས་ནམ་རྒྱུན་འཆད་བཞིན་ཡོད། མི་རྣམས་ཆུང་ཆུང་སྐབས་ནས་ཕ་མའི་བརྩེ་བ་ཤུགས་ཆེན་པོ་ཡོད་མཁན་གྱི་ཕྲུ་གུ་ཚོ་ཡར་རྒས་ཡོང་སྐབས་ཀྱང་སེམས་ཀྱི་གཏིང་ན་རང་བཞིིན་གྱིས་སོ་སོར་ཡིད་ཆེས་ཤུགས་ཆེ་བ་ཡོད་པ་ཞིག་དང་། ཆུང་ཆུང་སྐབས་སུ་མ་ཡི་བརྩེ་བ་མ་བྱུང་བར་སྡུག་པོ་བཏང་བ་ལྟ་བུ་དང་། ཡང་ན། མ་དང་ཁ་བྲལ་བ་ཚོ་མི་ཚེའི་ནང་ལྟོ་གོས་གཏམ་གྱི་ཐོག་ནས་ལམ་འགྲོ་ཆེན་པོ་ཡོད་ནའང་།  མི་ཞིག་ཐུག་པ་ཡིན་ནའང་སེམས་གཏིང་ལ་ཞེད་སྣང་ཡོང་བ་ལྟ་བུ་ལ་ཏན་ཏན་ཁྱད་པར་ཡོད་པ་རེད། མ་ནི་ཆུང་ཆུང་སྐབས་ནས་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་མ་ཡི་བརྩེ་བ་ག་ཚོད་བྱུང་བ་དེའི་ཚོད་ཀྱིས་མི་ཚེ་གང་བོར་མི་དེ་སྐྱིད་པོ་ཡོང་ཐུབ་པ་དང་། སེམས་ནང་དུ་སོ་སོར་གདེང་འཁེལ་ནས་སྡོད་ཐུབ་པ་ཞིག་དང་། བརྩེ་བས་ཕོངས་བའི་མི་དེ་སེམས་གཏིང་ལ་མ་བདེ་བ་ཞིག་དང་དངངས་སྐྲག་ཡོང་བ་ཞིག་ཏན་ཏན་རེད། དེར་བརྟེན། ཚན་རིག་པའི་ཚོགས་འདུ་དེའི་སར་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་རེད་ཅེས་ཟེར་བ་གོ་དུས་ངོས་ཀྱི་སེམས་ལ་སྤོབས་པ་ཞིག་སྐྱེས་སོང་། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་ན་བྱམས་བརྩེ་གོང་འཕེལ་གཏོང་བར་འབད་བརྩོན་བྱས་པ་ཡིན་ན་ནུས་པ་ཐོན་ཐུབ་པ་ཞིག་ཡིན་པ་དང་། མིའི་ལྷན་སྐྱེས་ཀྱི་རང་བཞིན་ཞེ་སྡང་གི་རང་བཞིན་ཅན་ཞིག་ཡིན་ན་བྱམས་བརྩེའི་སྐོར་བཤད་ན་བཅོས་མ་ལྟ་བུ་ཆགས་ཡོད། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པའི་རང་བཞིན་ཡིན་པས་དེ་ཡར་རྒྱས་བཏང་བ་ཡིན་ན་ལྷན་སྐྱེས་ཀྱི་རྒྱུ་ཆ་ཆ་ཚང་ཡོད་པའི་ཐོག་མུ་མཐུད་ཡར་རྒྱས་ལ་འགྲོ་བའི་གོ་སྐབས་ཡོད་པ་དང་ཡོང་ཐུབ་པ་ཞིག་རེད། 

ངོས་རང་འཛམ་གླིང་འདིའི་སྟེང་གི་མི་གྲངས་དུང་ཕྱུར་བདུན་ཅུའི་གྲས་ཀྱི་མི་ཞིག་རེད། ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེ་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། བྱམས་བརྩེ་ཡོད་ན་གཟུགས་པོ་བདེ་བ་དང་ཁྱིམ་ཚང་ནང་ལ་ཡིན་ནའང་འཆམ་པ་དང་མཐུན་པ། དཔེར་ན། དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་ནང་མི་རྣམས་ཕན་ཚུན་ལ་བརྩེ་བ་དང་ཡིད་ཆེས་ཡོད་ན་ལྟོ་གོས་སྐྱོ་བོ་ཡོད་ཀྱང་བྱམས་བརྩེ་ཡོད་པས་སྐྱིད་སྣང་ཡོད་པ་རེད། མཁྱེན་སོང་ངམ། མི་ཚང་འབྱོར་ལྡན་ཆེན་པོ་ཞིག་ལ་ཕྱིའི་མཐུན་རྐྱེན་ཧ་ལས་པ་ཡོད་ཀྱང་། ནང་ན་བཟའ་ཚང་བུ་ཕྲུག་རྣམས་ཕན་ཚུན་ལ་བརྩེ་བ་མེད་པ་དང་། ཕན་ཚུན་ལ་བློས་མ་འཁེལ་བ་ལྟ་བུ་དང་། ཕན་ཚུན་ཕྲག་དོག་ཡོད་པ་ཡིན་ན་སྐྱིད་པོ་གཏན་ནས་མེད་པ་ཧ་ཅང་གསལ་བོ་རེད། མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་པ་དང་། བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ཡིན་པ་ཧ་ཅང་གསལ་བོ་རེད། ཕྱོགས་གཞན་ནས་སེམས་ནང་བྱམས་པ་དང་བརྩེ་བ་ཡོད་ན་སུ་ལ་ཐུག་ནའང་རང་བཞིན་གྱིས་སེམས་པ་ལྷོད་ལྷོད་ཆགས་པ་དང་། ཕན་ཚུན་གད་མོ་བགད་དེ་རང་བཞིན་གྱིས་ལྷུག་ལྷུག་ཆགས་ཀྱི་ཡོད། བྱམས་བརྩེ་མེད་པར་རྫིག་པོ་བྱས་ཏེ་བསྡད་པ་ཡིན་ན་སེམས་ཀྱི་གཏིང་ལ་དམ་པོ་སྡོད་དགོས་ཀྱི་ཡོད། དེ་རྙོག་དྲ་རེད། ཅེས་སོགས་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་སྐྲུན་ཐབས་སྐོར་ལ་བཀའ་སློབ་ཞིབ་རྒྱས་སྩལ་བ་དང་། མུ་མཐུད་ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པ་དང་། མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པས་དེ་ལས་བྱུང་བའི་ཆོས་ལུགས་ཀྱི་བསླབ་བྱ་གཙོ་བོའང་བྱམས་བརྩེ་སྟོན་གྱི་ཡོད་པས་ཆོས་ལུགས་ཚང་མར་གུས་བཀུར་བྱེད་དགོས་པ་དང་། རྒྱ་གར་ནང་དུ་ཆོས་ལུགས་མཐུན་འབྲེལ་གྱི་གནས་ཚུལ་ངོ་སྤྲོད་དང་འབྲེལ་ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་པ་ཡིན་པས་གསུང་ཆོས་ཞུ་རུ་ཕེབས་མཁན་ཚོ་སོ་སོའི་གནས་ཡུལ་དུ་ལོག་རྗེས་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བསམ་བློ་གཏོང་དགོས་པ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེར་སྩལ། 

དེ་རྗེས་ནང་པའི་ཆོས་ཀྱི་བྱུང་རིམ་མམ་པ་ལིའི་ཆོས་བརྒྱུད་དང་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ངོ་སྤྲོད་སོགས་མཛད་དེ་ཆུ་ཚོད་༡༠།༠༠ ཙམ་ལ་གསོལ་ཇའི་བར་གསེང་དང་འབྲེལ་ཆོས་ཞུ་བ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་བ་དང་། གསོལ་ཇ་གྲུབ་མཚམས་མུ་མཐུད་གསུང་ཆོས་སྩལ་ཏེ་ཆུ་ཚོད་ ༡༡།༣༠ ཙམ་ལ་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་གི་ཉིན་དང་པོའི་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།