ཆགས་སྡང་གི་རྩ་བ་སྤོང་ཕྱིར་བདག་མེད་པའི་ཆོས་ཚུལ་གསུངས།

མདུན་ངོས། / ཆགས་སྡང་གི་རྩ་བ་སྤོང་ཕྱིར་བདག་མེད་པའི་ཆོས་ཚུལ་གསུངས།

ཆགས་པ་ཞེས་པ་ཡིད་དུ་འོང་བའི་ཡུལ་དང་དུ་ལེན་པའི་ཞེན་པ་ཞིག་ལ་གོ་ཞིང་།  ཞེ་སྡང་ཞེས་པ་ཡིད་དུ་མི་འོང་བའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་སྒོ་ནས་སྡང་བའམ་ཐག་བསྲིང་བའི་བློ་ཞིག་ལ་གོ་དགོས།  ཡིད་དུ་འོང་མི་འོང་ཞེས་པ་ཡང་བདག་གམ་རང་ལ་ལྟོས་ནས་འཇོག་པ་ཡིན། དེ་ཡང་ང་ལ་ཡིད་དུ་འོང་བར་སྣང་ཞེས་ཆགས་པ་དང་ཡིད་དུ་མི་འོང་བར་སྣང་ཞེས་སྡང་བར་བྱེད་པ་ཡིན། དེར་བརྟེན་ངའོ་སྙམ་པའི་བློ་དང་མ་འབྲེལ་བར་ཡིད་དུ་འོང་མི་འོང་འཇོག་སྟངས་མེད། དེ་ལྟ་བུའི་ང་དེར་དམིགས་པའི་ངར་འཛིན་ཨ་འཐས་ཇི་ཙམ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ང་སྣང་བའི་ཡུལ་ཡིད་དུ་འོང་བ་ལ་ཆགས་པ་དང་། ང་སྣང་བའི་ཡུལ་ཡིད་དུ་མི་འོང་བ་ལ་སྡང་བ་སྐྱེ་བ་ཡིན། དེས་ན་སངས་རྒྱས་པས་ཆགས་སྡང་གི་བློ་སྤོང་བ་ལ་ཆགས་སྡང་གང་ལ་བརྟེན་ནས་འབྱུང་བའི་གཞིའམ་རྩ་བ་བདག་ཏུ་འཛིན་པའི་བློ་སྤང་དགོས་པར་གསུངས་ཏེ་བདག་མེད་པའི་ཆོས་ཚུལ་གསུངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༢༢ ནས་༢༦ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་ཡུལ་དགའ་ལྡན་ཐེག་ཆེན་ཆོས་གླིང་གི་འདུས་སྤྱི་ནས་གསོལ་བ་བཏབ་་ལྟར། བླ་ཕྱག་སྦྲགས་མ་དང་འཇིགས་བྱེད་བཅུ་གསུམ་མའི་བཀའ་དབང་གི་སྔོན་འགྲོར་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་སྩལ་བ་ལས་བཏུས།