ཆགས་པ་དང་འབྲེལ་བ་དང་མ་འབྲེལ་བའི་བརྩེ་བའི་ཁྱད་པར།

མདུན་ངོས། / ཆགས་པ་དང་འབྲེལ་བ་དང་མ་འབྲེལ་བའི་བརྩེ་བའི་ཁྱད་པར།

སོ་སོའི་དགའ་ཉེ་བློ་དཀར་ལ་དམིགས་ནས་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ལྟ་བུ་རང་རེ་ཕལ་པའི་རྒྱུད་ལ་ཡང་ཡོད།  སྙིང་རྗེ་འདི་དུད་འགྲོའི་རིགས་ལ་ཡང་འབྱུང་བ་ཡིན། དཔེར་ན།   དུད་འགྲོ་ཞིག་ནད་ཀྱིས་མནར་བའམ་རྨས་པའི་སྐབས་སུ་དུད་འགྲོའི་རོགས་པ་གཞན་གྱིས་དེར་རོགས་པ་བྱེད་པ་ལྟ་བུ་ཡིན།   སྤྱི་ཚོགས་ལ་བརྟེན་ནས་འཚོ་བའི་སེམས་ཅན་ཕལ་ཆེར་ལ་འདི་ལྟ་བུའི་སྙིང་རྗེ་སྐྱེ་བ་ཡོད།  སྤྱི་ཚོགས་ལ་བརྟེན་པ་མིན་པར་ཁེར་རྐྱང་ངང་འཚོ་བའི་སེམས་ཅན་གྱི་རིགས་འགའ་ཞིག་ལ་ཡང་བརྩེ་བ་སྐྱེ་བའི་སྐབས་ཡོད་སྲིད།  དེ་ལྟར་གཞན་སྡུག་བསྔལ་གྱིས་མནར་བ་མཐོང་བའི་ཚེ་དེ་ལས་བྲལ་ན་སྙམ་པའི་བློ་ཞིག་ཀུན་ལ་རང་ཆས་སུ་ཡོད་ཀྱང་དེ་དག་ཕལ་ཆེར་རང་གི་སྙིང་ཉེ་བ་དང་ཞེན་ཆགས་བྱ་ཡུལ་ལ་སྐྱེ་བ་ལས་གཞན་ལ་སྐྱེ་དཀའ་བས་འདོད་ཆགས་དང་འབྲེལ་བ་ཡིན།   འདོད་ཆགས་དང་འབྲེལ་བའི་སྙིང་རྗེ་འདི་རིགས་ཕ་རོལ་པོའི་སྤྱོད་པ་དང་རྣམ་འགྱུར་ལ་གཙོ་བོར་བརྟེན་ཡོད། ཕ་རོལ་པོས་རང་ལ་ཕན་པའི་སྤྱོད་པ་བསྟན་པའི་ཚེ་བརྩེ་བ་འབྱུང་ཞིང་།  དེ་སྡུག་བསྔལ་གྱིས་མནར་བ་མཐོང་བའི་ཚེ་དེ་ལས་བྲལ་ན་སྙམ་པའི་བློ་འབྱུང་བ་ཡིན།  ཕ་རོལ་པོས་རྣམ་འགྱུར་མི་ལེགས་པ་སྟོན་པའི་ཚེ་དེ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་ན་སྙམ་པ་ལས་ལྡོག་སྟེ་དེ་ལ་མི་ལེགས་པ་ཞིག་བྱུང་ན་སྙམ་དུ་དྲན་འོང་བ་ཡིན། ད་ལྟ་རང་རེས་ཕན་ཚུན་ལ་བཅངས་པའི་བརྩེ་བ་དེ་གཙོ་བོ་ཕ་རོལ་པོའི་བྱ་སྤྱོད་དམ་རྣམ་འགྱུར་ལ་བརྟེན་པ་ཡིན་པས་དེ་ལྟ་བུའི་བརྩེ་བ་དེ་བརྩེ་བ་ཕྱོགས་རེ་བ་མ་གཏོགས་མི་འོང་། སྐབས་འདིར་བློ་སྦྱང་རྒྱུའི་བརྩེ་བ་དེ་ཕ་རོལ་པོའི་བྱ་སྤྱོད་དང་རྣམ་འགྱུར་ལ་བརྟེན་པ་མིན་པར་ཕ་རོལ་པོ་དེ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་སྒོ་ཀུན་ནས་མཚུངས་པར་བལྟས་པ་ལས་བྱུང་བའི་བརྩེ་བ་ཞིག་ཡིན།   རང་ལ་བརྩེ་བ་དེ་རང་ཉིད་རང་ལ་དྲིན་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་སམ། ཡང་ན་རང་གིས་རང་ལ་ཡིད་དུ་འོངས་པའི་སྤྱོད་པ་སྤྱད་པའི་རྒྱུ་མཚན་གྱིས་མིན་པར་རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་རྒྱུ་མཚན་འདི་ཁོ་ན་ལས་རང་ཉིད་སྡུག་བསྔལ་དང་བྲལ་ན་སྙམ་པའི་བརྩེ་བ་དང་།  སྡུག་བསྔལ་བྱུང་བའི་གནས་སྐབས་སུ་དེ་ལས་ཐར་ཐབས་བྱེད་པའི་རང་དོན་རང་གཅེས་བྱེད་པའི་སྤྱོད་པ་དེ་རང་གི་ངང་གིས་ཐོན་བཞིན་ཡོད།   དེ་དང་འདྲ་བར་སེམས་ཅན་གཞན་གྱིས་རང་ལ་ཡིད་དུ་འོང་བའི་སྤྱོད་པའམ་རྣམ་འགྱུར་སྟོན་མིན་ལ་མ་ལྟོས་པར་སེམས་ཅན་གང་དེ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་རང་དང་སྒོ་ཀུན་ནས་མཚུངས་པའི་རྒྱུ་མཚན་གྱིས་སམ།   རང་དང་འདྲ་བར་སེམས་ཅན་དེར་ཡང་སྡུག་བསྔལ་ལས་ཐར་བ་དང་བདེ་བ་དང་ལྡན་པར་བྱེད་པའི་ཐོབ་ཐང་ཡོད་པའི་ཚུལ་བསམས་པ་ལས་རང་གི་དགྲ་ལ་ཡང་བརྩེ་བ་སྐྱེ་ཐུབ་པ་ཞིག་ཡོང་བ་ཡིན། བྱ་བ་དང་སྤྱོད་པའི་ཐོག་ནས་རང་ལ་གནོད་པའི་རྒྱུ་མཚན་གྱིས་དགྲ་ཡིན་ཀྱང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོོད་པའི་མི་ཡིན་པ་གཅིག་གྱུར་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྡུག་བསྔལ་གྱིས་མནར་བའི་དགྲ་ལ་ཡང་སྡུག་བསྔལ་དེ་དང་བྲལ་ན་སྙམ་པའི་བརྩེ་བ་ཞིག་ཡོང་ཐུབ་ལ། འདི་ཡང་སྦྱངས་པ་ལས་ཡོང་དགོས་ཀྱི་སྔར་གྱི་ཆགས་པ་དང་འབྲེལ་བའི་བརྩེ་བ་ལྟར་རང་གི་ངང་གིས་འབྱུང་བ་མེད། ཆགས་པ་དང་འབྲེལ་བའི་བརྩེ་བ་དེ་ཕུང་པོའི་གྲུབ་ཆ་དང་འབྲེལ་བའི་བརྩེ་བ་ཡིན།  དེ་ཡང་མི་རྣམས་འཚོ་བར་ངེས་པར་དུ་དགོས་པའི་རྒྱུ་མཚན་གྱིས་བློ་སྦྱོང་བ་ལ་མི་ལྟོས་པར་ཕུང་པོའི་གྲུབ་ཆའི་སྟེང་ནས་རང་གི་ངང་གིས་སྐྱེ་བཞིན་ཡོད།  དེ་འདྲ་བའི་ཕུང་པོའི་གྲུབ་ཆ་དང་འབྲེལ་བའི་བརྩེ་བ་དེ་ཉིད་ས་བོན་གྱི་ཚུལ་དུ་བྱས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བློ་སྦྱངས་པ་ལས་བརྩེ་བའི་ངོ་བོ་ཆེར་བསྐྱེད་དགོས་པ་ཡིན།  དེ་ཡང་གཞན་ལ་ཕན་པའི་བརྩེ་བ་དེ་རང་གི་སེམས་ཀྱི་བདེ་ཐང་དང་ལུས་ཀྱི་བདེ་ཐང་གཉིས་ཀའི་འབྱུང་ཁུངས་ལྟ་བུ་ཡིན་པས་བདེ་སྐྱིད་ཀྱི་རྩ་བ་ལྟ་བུ་ཡིན་པ་དང་། འཕྲལ་དང་ཕུགས། རང་དང་གཞན་ཀུན་ལ་ཕན་པ་ཞིག་ཡིན་པ། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་།   བདེ་བ་འདོད་པར་རང་དང་སྒོ་ཀུན་ནས་མཚུངས་པ་ཡིན་པ། དེའི་སྟེང་དུ་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་སོགས་ཕྱོགས་གང་ས་ནས་ལེགས་པར་བསམ་པ་ལས་ཕྱོགས་རིས་ཅན་གྱི་ཆགས་པ་དང་འབྲེལ་བའི་སྙིང་རྗེ་དེ་ཕྱོགས་རིས་མེད་པར་ཀུན་ལ་ཁྱབ་པའི་བརྩེ་བའི་ངོ་བོར་སྒྱུར་ཐུབ་པ་ཞིག་ཡོང་ལ།  དེ་ཡང་རྒྱུ་མཚན་ཡང་དག་ལ་བརྟེན་ནས་སྐྱེ་བ་ཞིག་ཡོང་ཐུབ།

ཕྱི་ལོ་༢༠༡༢ ཟླ་༧ ཚེས་༡ ནས་༢ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་གཙུག་ལག་ཁང་དུ་ཝེད་ནམ་གྱི་དད་ལྡན་པ་ཁག་ཅིག་གཙོ་བོར་གྱུར་པའི་ཆོས་ཞུ་བ་རྣམས་ལ་སྩལ་བའི་ལམ་གཙོའི་བཀའ་ཁྲིད་ལས་བཏུས།