སྒོ་ལྔའི་ཤེས་པ་དུད་འགྲོ་རྣམས་མི་ལས་ཀྱང་ནུས་པ་ཆེ་བ་ཡོད།

མདུན་ངོས། / སྒོ་ལྔའི་ཤེས་པ་དུད་འགྲོ་རྣམས་མི་ལས་ཀྱང་ནུས་པ་ཆེ་བ་ཡོད།

སེམས་མ་དུལ་བ་ལ་བརྟེན་ནས་ཡོང་བའི་སྡུག་བསྔལ་རྣམས་སེམས་སྟེང་གི་སྡུག་བསྔལ་གྱི་རྒྱུ་བྱེད་པའི་མ་རིག་པར་གཉེན་པོ་བསྟེན་ནས་སེལ་ཐབས་བྱེད་དགོས།  གཉེན་པོ་དེ་ཡང་སེམས་རང་སྟེང་གི་རྣམ་དཔྱོད་ལ་བརྟེན་དགོས་ལ། དེ་ཡང་མིའི་ཀླད་པ་དང་འབྲེལ་བའི་རྣམ་དཔྱོད་ལ་བརྟེན་དགོས། མིག་གིས་གཟུགས་མཐོང་བ་དང་རྣ་བས་ཐག་རིང་གི་སྒྲ་ཐོས་པ། སྣ་ཡིས་ཐག་རིང་གི་དྲི་ཚོར་བ་ལྟ་བུ་རང་རེ་མི་རྣམས་ལས་ཀྱང་དུད་འགྲོའི་རིགས་འགའ་ཞིག་ནུས་པ་ཆེ་བ་ཡོད། དཔེར་ན། གླང་ཆེན་གྱི་རྣས་ཐག་རིང་གི་སྒྲ་ཐོས་ཤིང་སྣ་ཡང་ཀེར་བས་ཐག་རིང་གི་དྲི་ཚོར་གྱི་ཡོད། རང་རེའི་མིའི་རྣ་བ་དང་སྣས་དེ་ལྟར་མི་ནུས། སྒོ་ལྔའི་ཤེས་པ་དང་འབྲེལ་ནས་བཤད་ན། དུད་འགྲོ་རྣམས་མི་ལས་ཀྱང་ནུས་པ་ཆེ་བ་ཡོད། དངོས་ཡོད་གནས་ཚུལ་ལ་ཡང་དུད་འགྲོ་རྣམས་ཕྱིའི་རྐྱེན་འབའ་ཞིག་ལ་བརྟེན་ནས་འཚོ་དགོས་པ། དཔེར་ན། དགྲ་ལྟ་བུ་སླེབས་པའི་ཚེ་རྣམ་དཔྱོད་ལ་བརྟེན་ནས་འགོག་ཐབས་གང་ཡང་མེད་པར་སྒོ་ལྔའི་ཤེས་པའི་ནུས་པ་ལ་བརྟེན་ནས་འགོག་ཐབས་བྱེད་དགོས་ཀྱི་ཡོད། ཙི་ཙིར་མཚོན་ན། ཐག་རིང་གི་སྒྲ་ཐོས་ནུས་པ་ལྟ་བུ་ཕུང་པོའི་གྲུབ་ཆ་རང་གི་སྟེང་ནས་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་གང་འཚམ་ཡོད། ལྷག་པར་དུ་ཉེན་ཁ་དང་འཕྲད་པའི་ཚེ་འབྲོ་རྒྱུ་ཙམ་ལས་གཞན་གྱི་ཐབས་ཤེས་གང་ཡང་བྱ་ནུས་མེད་པས་ཕུང་པོའི་གྲུབ་ཆ་རང་སྟེང་ནས་ཙི་ཙིར་འབྲོ་རྒྱུའི་ནུས་པ་ཆེན་པོ་ཞིག་རང་ཆས་སུ་གྲུབ་ཡོད།

ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༡ ཉིན་མ་ལེ་ཤི་ཡའི་དད་ལྡན་པ་ཁག་ཅིག་གིས་ཞུས་ངོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་སྩལ་པ་ལས་བཏུས།