ལ་དྭགས་སུ་༸སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་བ། 

མདུན་ངོས། / ལ་དྭགས་སུ་༸སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༣ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་༸གོང་ས་མཆོག་གཟིམ་ཆུང་ནས་གསུང་ཆོས་ར་བར་༸ཞབས་སོར་འཁོད་མཚམས། སྣང་གསལ་ཞལ་ཕྱེ་མཛད་བསྟུན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར། དེ་ནས་འཁྲུངས་ལྷ་དབྱར་གསོལ་གྱི་གླུ་གཞས་གཟིགས་འབུལ་ཞུས་རྗེས་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་འཁྲུངས་སྐར་སྤྲི་གོར་(birthday cake)གྱི་ཕུལ་མཆོད་བཞེས་གནང་མཚམས་ལ་དྭགས་ཡུལ་མིས་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་དང་།  ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས་གྲུབ་མཚམས་སླར་ཡང་ལ་དྭགས་ཡུལ་མིས་སྲོལ་རྒྱུན་གྱི་གཞས་སྣ་གཟིགས་འབུལ་ཞུས།

དེ་ནས་ཨན་ཇུ་མན་ཨི་མ་མི་ཡ་ཡི་ཁ་ཆེ་ཚོགས་གཙོ་སྐུ་ཞབས་ཨཤྲབ་ཨ་ལི་ Ashraf Ali ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས་ལ་དྭགས་ཡུལ་མིས་གཞས་སྣ་གཟིགས་འབུལ་ཞུས་བསྟུན་རྟ་དབང་བདེ་རྩ་ཚོགས་པའི་དབུ་འཛིན་སྐུ་ཞབས་མ་གླིང་མགོན་པོ་ལགས་ཀྱིས་གསུང་བཤད་གནང་།  དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཁག་དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་ཡིག་ཐོག་ཏུ་ཕབ་སྟེ་ཕྱོགས་སྒྲིག་ཞུས་པའི་ཕྱག་དེབ་གསར་པ་ཁག་དགུ་༸གོང་ས་མཆོག་གིས་དབུ་འབྱེད་མཛད། 

དེ་རྗེས་སླར་ཡང་ལ་དྭགས་ཡུལ་མིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་བསྟུན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་སྐུ་ཞབས་རྡོ་རྗེ་དངོས་གྲུབ་ལགས་ཀྱིས་གསུང་བཤད་གནང་རྗེས་ལ་དྭགས་བསོད་ནམས་གླིང་བོད་མི་ཚོས་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གྲུབ་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་དང་། རྒྱ་གར་གནད་ཡོད་མི་སྣ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དྲན་རྟེན་ཕྱག་རྟགས་ཕུལ། ལ་སྤྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་གླེ་བྱང་སེར་སྐྱ་མང་ཚོགས་ཐུན་མོང་ནས་རྒྱུ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་འབུལ་ལམ་ཞུས་པར་ཐུགས་དགྱེས་བཞེས་མཛད།  མཚམས་དེར་ལ་དྭགས་ཡུལ་མི་ནས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་དོན། 

ངོས་ཀྱི་ཆོས་འབྲེལ་དངོས་སུ་ཐོབ་པ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག བླ་སྤྲུལ་དགེ་བཤེས། མི་མང་རྣམ་པ་བཅས་ལ་ཞུ་རྒྱུར། ངོས་ཀྱིས་ཕྱི་ལོ་ ༢༠༠༡ ནས་ཆབ་སྲིད་ཀྱི་འགན་དབང་དེ་མཚམས་བཞག་པ་རེད། ཕྱི་ལོ་ ༢༠༠༢ ནས་ཆབ་སྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུས་རྗེས་ཕྱི་ལོ་ ༢༠༡༡ ནས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་འདིར་ཕེབས་ཡོད། ཁ་སང་ཉིན་དང་པོ་འབྱོར་སྐབས་ནམ་མཁར་སྤྲིན་སྟུག་པོ་འཁོར་ཡོད་སྟབས་འཁྲུངས་སྐར་ཉིན་ཆར་པ་བབས་མི་ཡོང་ངམ་བསམ་པ་དྲན་བྱུང་། འོན་ཀྱང་དེ་རིང་ཉི་མ་ཚ་ཐག་ཆོད་འདུག དགེ་འདུན་པ་ཚོ་དང་སློབ་ཕྲུག མང་ཚོགས་ཁྱེད་རང་ཚོ་ཉི་མས་གདུང་བཞིན་ཡོད་པ་ལྟ་བུ་འདུག འོན་ཀྱང་ཁྱེད་རང་ཚོ་ཚང་མ་དམ་ཚིགས་བརྟན་པོ་ཡོད་ཅིང་འདིར་འཁྲུངས་སྐར་ཉིན་འཛོམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནས་ངོས་ལ་སྐྱེ་སྐར་འཚམས་འདྲི་བྱེད་མཁན་མང་པོ་ཡོད་པ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། གསུང་བཤད་དང་པོ་གནང་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོས་གོང་དུ་ངོས་ཀྱི་གང་བཤད་པ་དེ་དག་ལག་བསྟར་ཡོང་ཐབས་བྱེད་སྐོར་གསུང་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཞེས་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར། དེ་བཞིན་ཐུགས་སྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་ལེགས་བཤད་སླར་གསོའི་སྐོར་བཀའ་སློབ་སྩོལ་སྐབས། ཁ་ཆེའི་ཚོགས་གཙོར་ཞལ་ཕྱོགས་ནས་ཁ་ཆེའི་གྲོགས་པོ་ཚོས་དད་པ་བྱེད་ས་ཨེ་ལ་ལ་བྱས། ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་དེ་དག་སློབ་གཉེར་བྱེད་པ་ཡིན་ན་ཕན་ཐོགས་ཡོད་སྐོར་བཀའ་སློབ་སྩལ་དོན། ཏཱ་ལའི་བླ་མ་ཁ་བདེ་པོ་ཡོད་པ་འདི་ནཱ་ལེནྡྲའི་རིག་གཞུང་སྦྱངས་ནས་བྱུང་བ་རེད། ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མ་བརྗོད་པར་རིག་གཞུང་ཞེས་བརྗོད་ན་ཡག་པ་འདུག དེར་བརྟེན་ངོས་ཀྱི་རེ་བར་མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་བསླབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད། ཅེས་དང་།

བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡ་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན་བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་པ་དང་། དེར་བརྟེན་ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། ཞེས་བཀའ་སློབ་སྩལ།
དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་ལ་དྭགས་ནང་ཡག་ཐག་ཆོད་འདུག ད་དུང་ཡར་རྒྱས་གཏོང་དགོས་འདུག བོད་མི་བརྒྱ་ཆ་ ༩༠ ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་ཀྱི་གནད་དོན་དེ་དྲང་བདེན་རེད། གཙོ་ཆེར་བོད་ཀྱི་ཁོར་ཡུག་ཡག་པོ་བྱས་ནས་ཉར་ཚགས་ཆེད་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།

གཞིས་བཞུགས་བོད་མི་རྣམས་ཀྱིས་ཚེ་སྲོག་བློས་བཏང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད། ནུབ་ལ་དྭགས་ནས་ཤར་མོན་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་ནང་མེད། སངས་རྒྱས་ཀྱི་བསྟན་པ་འདི་ལུང་རྟོགས་ཀྱི་བསྟན་པ་རེད། ལུང་སྡེ་སྡོད་གསུམ་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཉམས་ལེན་བྱས་ནས་སངས་རྒྱས་བསྟན་པ་འཛིན་དགོས། བསླབ་པ་སློབ་གཉེར་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ལྡི་ལིར་ཧི་མ་ལ་ཡ་ཚོགས་པ་ཚུགས་ནས་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་དགོན་པ་ཁག་ཆ་ཚང་ཤེས་ཡོན་བསྟི་གནས་ཁང་འཛུགས་རྒྱུ་ཡིན་སྐོར་བརྗོད་བྱུང་། ངོས་རང་དངོས་གནས་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ཡི་རང་ཡོད། ངོས་ཀྱིས་ཁ་ནས་བཤད་པ་དེ་ཁྱེད་ཚོས་ངོ་ཐོག་ལག་ལེན་བསྟར་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།