རུས་རྐང་ནས་ཁོལ་བའི་གླུ།

མདུན་ངོས། / 

རུས་རྐང་ནས་ཁོལ་བའི་གླུ།

སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།



གནམ་སྔོན་པོའི་འོག་དང་ས་ཆེན་པོ་འདིའི་སྟེང་ན་སྟོན་པ་བླ་ན་མེད་པ་འཇིག་རྟེན་གསུམ་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་༸རྗེ་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་༡༡༣ བཞུགས་རྒྱུའི་ལུང་བསྟན་དང་མཚན་ལྟས་ཡོད་སྐོར་ཟབ་གསལ་གསུང་གི་བདུད་རྩི་ཡང་ཡང་རྣ་བའི་བདུད་རྩིར་མྱོང་བའི་དགའ་བ་མཚོན་པའི་ངག་གི་རང་བཞིན་རུས་རྐང་ནས་ཁོལ་བའི་གླུ།   

ཆགས་སོགས་ཉེས་པའི་སྐྱོན་བྲལ་ཞབས་ཀྱི་རྡུལ། །
གང་དུ་འཕོས་པའི་ས་དེར་རྒྱལ་རྣམས་ཀྱིས། །
རལ་པས་གུས་བཏུད་ས་ཆེན་སྐྱེ་རྒུའི་མགྲོན། །
དད་གུས་གཡོ་བར་མཛད་ལ་ཕྱག་འཚལ་ལོ། །

མཐའ་ཡས་སངས་རྒྱས་བྱང་སེམས་གྲངས་མེད་པ། །

དངོས་དང་ཉམས་སྣང་རྨི་ལམ་གཟིགས་པའི་སྒོ། །

དག་པའི་སྣང་བར་འབྱམས་ཀླས་ངོ་མཚར་གཏམ། །

ཡུལ་དུས་གདུལ་བྱའི་དབང་གིས་འདིར་མི་སྤྲོ། །

བྱང་ཆུབ་སེམས་དང་རྟེན་འབྱུང་ཟབ་མོའི་ལམ། །

ཚང་ལ་མ་ནོར་རིགས་པའི་ལམ་བཟང་གིས། །
བླང་དང་དོར་བྱའི་འཇིག་རྟེན་མིག་འབྱེད་པའི། །
ཡ་མཚན་གཏམ་གྱི་སྒོ་བརྒྱ་འབྱེད་ལ་སྤྲོ། །
རྒྱུ་འབྲས་ཆ་ཤས་ལྟོས་གྲུབ་རྟེན་འབྲེལ་གྱི། །
རིགས་པའི་ལམ་བཟང་སྒོ་བརྒྱར་ཕྱེ་བ་ཡིས། །
སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཀུན་མཁྱེན་ལམ། །
སྨྲ་བ་ཟླ་མེད་འདྲེན་མཆོག་སྲིད་པའི་མིག། །
ངོ་བོས་གྲུབ་དང་རང་ཉིད་གཅེས་འཛིན་གྱི། །
འཕྲལ་ཕུགས་མཚང་ནས་བསྔོགས་ཤིང་རྒོལ་བ་ཡི། །
སྟོང་དང་བདག་མེད་གཞན་གཅེས་བྱམས་བརྩེའི་བློར། །
ཀུན་ནས་བཀྲི་མཛད་སྙིང་རྗེའི་གཏེར་ལ་འདུད། །
དགྲ་གཉེན་མཉམ་ཉིད་ཤུགས་དྲག་སྙིང་རྗེའི་བློས། །
འགྲོ་ཀུན་ནང་གི་ཉོན་མོངས་བདུད་ཀྱི་དཔུང་། །
ངོས་འཛིན་རྣམ་གནོན་གཏན་ཚིགས་རིགས་པའི་ལམ།  །
ཆར་དུས་ཆར་བཞིན་འབེབས་མཁས་ཁྱོད་ལས་སུ། །
ཞིང་ཁམས་གཅིག་ཏུ་སངས་རྒྱས་གཉིས་མིན་ཞེས།  །
ཇི་སྐད་གསུངས་པའི་གཏམ་དེ་རྫུན་མིན་ན། །
ཤར་ཕྱོགས་ཙོང་ཁའི་ཡུལ་དུ་རྒྱལ་བ་གཉིས། །
དངོས་སུ་འཁྲུངས་པའི་མཛད་པ་སུ་ཞིག་འགོག །
ཡང་ན་འཕགས་ཡུལ་ནཱ་ལེནྡྲ་བའི་སྡེའི། །
མདོ་སྔགས་གཞུང་ཆེན་ཐོས་བསམ་སྒོམ་པའི་མིག །
ཡུན་རིང་ཉམས་པའི་ངང་ཚུལ་མ་བཟོད་ནས། །
པཎ་གྲུབ་བགྲོས་པའི་དབྱངས་ཀྱིས་མངགས་པ་འདྲ། །
ལྷ་མོའི་བླ་མཚོར་གཟིགས་པའི་ཨ་ཀ་མ། །
མ་ལུས་རྒྱལ་བའི་དོན་ཀུན་གྲུབ་པའི་བརྡར། །
བརྡར་ཤ་བཅད་པའི་ཚངས་ཐིག་མ་ནོར་བ། །
བ་མོ་བེའུར་དུངས་བཞིན་དད་པའི་ཡུལ། །
གསུང་གི་བདུད་རྩིའི་ཆ་ཤས་རེ་རེས་ཀྱང་། །
མཐའ་ཡས་འགྲོ་བའི་མི་ཚེར་འགྱུར་ལྡོག་གི །
བླང་དོར་ལམ་བཟང་རབ་གསལ་ཉི་མའི་འོད། །
མཁའ་ཁྱབ་འགྲོ་ལ་སྤྲོ་མཛད་ཁྱེད་ཁོ་ན། །
སེམས་ཁམས་ངོས་འཛིན་སྤང་གཉེན་སྒོམ་པའི་ཐབས། །
བསྡུ་བ་རྣམ་བཞིས་ཚང་ལ་མ་ནོར་བ། །
ཐབས་མཁས་ཐུགས་རྗེ་རིགས་པ་བརྒྱ་དག་གིས། །
སྟོན་པ་བྱམས་བརྩེའི་དབང་པོར་སུ་མི་གུས། །
ལོ་དྲུག་དཀའ་བ་སྤྱད་པའི་ཤིང་དྲུང་བ། །
རྐང་གཉིས་གཙོ་བོ་རྡོ་རྗེ་གདན་པའི་བསྟན། །
ཐབས་ཤེས་སྒོ་མང་རིགས་གཏེར་ཁ་ཕྱེས་ཏེ། །
འཛམ་གླིང་ས་ཆེན་བསྒུལ་བ་ཁྱེད་མིན་སུ། །
གཏད་རབས་བདུན་དང་པཎ་གྲུབ་བཅུ་བདུན་སོགས། །
འཕགས་པའི་ཡུལ་བྱོན་ས་ཆེན་མཛེས་པའི་རྒྱན། །
བཀའ་བསྟན་བྲག་རིའི་སྦུབས་ན་ངལ་གསོ་བའི། །
མན་ངག་གཉིད་ལས་སློང་མཁན་ཁྱེད་ལས་སུ། །
འཕགས་ཡུལ་ཕྱི་ནང་གཙུག་ལག་རྣམ་སྲས་མཛོད། །
གནའ་བོའི་ལྟ་གྲུབ་རིན་ཆེན་བསྐྱར་གསོའི་ལས། །
འཕྲལ་ཕུགས་བྱམས་བརྩེས་བཅིངས་པའི་མཛུབ་སྟོན་གྱིས། །
དྲང་སྲོང་རུས་པའི་ཐལ་བའང་གནམ་དུ་བཀྱགས། །
གངས་ལྗོངས་ཆོས་རྒྱལ་ལོ་པཎ་དེ་སྙེད་ཀྱིས། །
རིན་ཆེན་སྲོག་གིས་ཉོས་པའི་རིན་པོ་ཆེ། །
མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་མུ་ནིའི་ལུགས། །
ཤར་ནུབ་མཁས་པའི་མདུན་སར་གཅལ་དུ་བཀྲམས། །
ས་ཕག་རིན་གཙང་དགེ་ལུགས་རིམ་བྱོན་གྱི། །
ཆོས་སྲིད་ཟུང་དུ་འབྲེལ་བས་བསྐྱངས་པ་ཡི། །
འཛམ་གླིང་སྤྱི་དང་བོད་ཀྱི་ཁྱད་འཕགས་ནོར། །
རིག་གསར་སྨྲ་མཁས་མདུན་སར་སྟོན་བརྒྱར་འགྱེད། །
མཁས་དང་གྲུབ་བརྙེས་བྱེ་བ་བསྟི་བའི་གནས། །
ནཱ་ལེན་དྲ་ཡི་ཆོས་བརྒྱུད་དྲི་མ་མེད། །
ངོ་མཚར་གཏིང་ཟབ་རྒྱ་ཆེའི་ཆོས་བརྒྱུད་རྣམས། །
ཆེ་བ་རྣམ་བཞིར་དྲིལ་བའི་མཛད་བཟང་དཀར། །
ཤིང་རྟ་ཆེ་དང་རྒྱལ་བ་ན་རིམ་གྱི། །
དགོངས་པའི་མཐིལ་དང་གསང་གསུམ་མཛད་པའི་འཕྲོ། །
ས་ཡི་གོ་ལའི་ནད་བརྒྱ་སྨན་གཅིག་ཏུ། །
དབུགས་རབ་དབྱུང་བའི་སྒོ་ཆེན་ཧར་གྱིས་ཕྱེས། །
རྒྱལ་བའི་བཀའ་དང་འཕགས་བོད་དགོངས་འགྲེལ་གྱི། །
བསྟན་ལ་ལྟ་གྲུབ་ཚན་རིག་ཉམས་ལེན་བཅས། །
སྡེ་ཚན་གསུམ་དུ་ཕྱེ་བའི་ཤིང་རྟའི་སྲོལ། །
སྔོན་མེད་རྒྱ་ཆེར་ཕྱེ་བ་བསྔགས་པའི་གནས། །
བདེན་པ་གཉིས་དང་བཞི་ཡི་ཚུལ་ལུགས་ལ། །
ངེས་རྙེད་སྐྱབས་གསུམ་དད་པ་བརྟན་པོ་ཡིས། །
ཐར་ལམ་རྩ་བ་ཚུགས་པའི་རིམ་པ་ཀུན། །
ཐར་འདོད་སྐལ་ལྡན་འགྲོ་བའི་མིག་ཏུ་ཕྱེས། །
ངེས་པར་འབྱུང་དང་འགྲོ་རྣམས་སྐྱོབ་འདོད་ཀྱི།  །
སྙིང་རྗེའི་བློ་དང་ཡང་དག་ལྟ་བ་ཡིས། །
རྡོ་རྗེ་ཐེག་པར་འཇུག་པའི་གནད་རྣམས་ཀུན། །
ཉམས་སུ་མྱོང་བས་ཚང་ལ་མ་ནོར་འཆད། །
གསང་བདེ་འཇིགས་དུས་གསང་ཆེན་དངོས་གྲུབ་མཛོད། །
ཐུན་མོང་ཐུན་མོང་མ་ཡིན་ལམ་གྱི་གནད། །
སྤྱི་དང་སྒོས་བཙན་གདུལ་བྱའི་འགྲོ་བ་ལ། །
མཚན་ལ་ཉི་འོད་འཁྱིལ་བཞིན་གསལ་བར་མཛད། །
རྒྱལ་མཚམས་མི་རིགས་ཆོས་ལུགས་རིས་མེད་ཀྱི། །
ཁྱོད་ཞབས་རྡུལ་གྱི་རི་མོ་སྤྱི་གཙུག་ཏུ། །
ཕྱག་བཅས་གུས་པས་མཆོད་པ་གངྒའི་རྡུལ། །
སྒོ་གསུམ་བྱ་བས་ཁྱོད་མཉེས་སྒྲུབ་ལ་རེམ། །
གཞལ་བྱའི་གནས་གསུམ་རིག་སྒོ་འབྱེད་པའི་འཕྲུལ། །
ཐལ་ཕྱིར་བརྡ་ཡིས་བཅིངས་པ་རིགས་པའི་ལམ། །
བསླབ་པར་གདམས་པས་ཕྱི་ནང་སེར་སྐྱ་ཀུན། །
ཐུན་མིན་རིག་པའི་གནས་འདིར་འབད་པས་བྲེལ། །
ལྷ་དང་ཀླུ་གསོལ་ཆོ་གའི་སྲོལ་རྒྱུན་གྱི། །
རྨོངས་དད་ཐུབ་བསྟན་འཛིན་པའི་ཐབས་མིན་ཞེས། །
གཞུང་ཆེན་སློབ་གཉེར་རིགས་པའི་རྗེས་འབྲང་གི །
ཐབས་ལ་སྦྱོར་བའི་ཀ་བ་ཕྱོགས་ཀུན་བཙུགས། །
རིས་མེད་བསྟན་དང་དགའ་ལྡན་ཕོ་བྲང་ལ། །
ལོག་ལྟ་དོལ་རྒྱལ་དམ་སྲི་བསྟེན་པའི་སྲོལ། །
མཁས་གྲུབ་གསེར་རིའི་ཕྲེང་བས་ལམ་སྟོན་བཞིན། །
དག་ཐེར་བླང་དོར་མིག་སྒོ་གསལ་བར་ཕྱེས། །
ལྷ་འདྲེ་མི་གསུམ་དྲེགས་ལྡན་རལ་པའི་གཙུག །
བྱམས་བརྩེ་ལྕགས་ཀྱུ་རྣོན་པོས་དབང་བསྒྱུར་ཏེ། །
སྲོལ་རྒྱུན་ལེགས་བཅོས་གསར་གཏོད་ཡང་དག་ལམ། །
ཚང་ལ་མ་ནོར་སྨྲ་བ་བླ་ན་མེད། །
འཛམ་གླིང་ས་ཆེན་གཙུག་ལག་མཁས་པའི་སྡེ། །
མུ་ཏིག་བསྟར་ལ་བརྒྱུས་འདྲའི་དཀྱིལ་འཁོར་དུ། །
བླང་དོར་རིགས་པའི་དགའ་སྟོན་རྒྱས་པའི་སྒོ། །
འབྱེད་མཁས་ཡིད་བཞིན་དབང་པོར་སུས་མི་བཀུར། །
བཙན་པོའི་བུ་རྒྱུད་མིང་སྲིང་གངས་རིའི་འབངས། །
རང་དབང་མང་གཙོའི་འཇུག་ངོགས་ལམ་བཟང་པོར། །
ཐབས་མཁས་ཐུགས་རྗེའི་འཕྲུལ་མཛངས་རྣོན་པོའི་མཐུས། །
འཕྲལ་ཕུགས་ཕན་བདེའི་ཞིང་དུ་བཀྲི་བ་མཚར། །
རང་གཞན་གཉིས་ཕན་ཀུན་སྙོམས་ཚངས་པའི་ཐིག། །
བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ། །
གཞིས་བྱེས་ཤེད་བུས་འཇུག་པ་བདེ་བའི་ལམ། །
བྲག་རིའི་འཕྲང་ལ་གསེར་གྱི་ཟམ་པར་བཙུགས། །
སྔོན་བྱུང་གཏམ་ལའང་བྱ་དཀའི་རྒྱལ་སྲས་སྤྱོད། །
སྐུ་དབང་རྩིས་སྤྲོད་ཐབས་མཁས་ཐུགས་རྗེའི་མཐུ། །

ངོ་མཚར་རྨད་བྱུང་རྒྱལ་ཁའི་གཏམ་བཟང་པོ། །

གནམ་སའི་དྲེགས་པ་གློད་པའི་རྒྱན་དུ་གསལ། །
འཇིག་རྟེན་ཀུན་ཁྱབ་ལེགས་ཚོགས་བྱེ་བའི་སྒོ། །
ཕན་བདེའི་གཏེར་དུ་གྲོལ་བ་རྒྱ་མཚོའི་སྤྲིན། །

དམིགས་བསལ་ཁུར་འཁྱེར་དམ་བཅའ་གསུམ་མམ་བཞི། །

ཁ་ཡོད་ལག་ཡོད་མཛད་བརྒྱ་བསྡོམས་པའི་འགངས། །

ཆོས་དང་འཇིག་རྟེན་ཚོགས་སྡེའི་རིགས་མཐའ་དག །
ལོག་འཚོའི་ལམ་དོར་དཀར་སྐྱོང་འཚོ་བ་ཡིས། །
མི་འཇིགས་སྐྱབས་སྦྱིན་བྱམས་བརྩེའི་འོད་དཀར་པོ། །
སྐྱབས་བྲལ་ཉམ་ཐག་སྐྱེ་རྒུའི་མགོན་དུ་བྱོན། །
ཇི་ལྟར་བརྩེ་ལྡན་མ་ལ་གདུག་ཆེན་བུས། །
རིམ་བསྟུད་རྣམ་གྲངས་མཐའ་ཡས་ལོག་སྒྲུབ་ཀྱིས། །
ཤིན་ཏུ་མཛད་དཀའི་ཐུགས་ཕམ་རིར་བརྩེགས་ཀྱང་། །
ཕྱིར་ཞིང་བརྩེ་བའི་སྙིང་རྗེ་ཕ་མཐར་གཏུགས། །
བསྟན་འགྲོའི་བླ་དང་འབྲེལ་བའི་རིན་ཆེན་སྲོག །
གདུག་རྩུབ་རལ་གྲིའི་སོ་ལ་ལན་མང་དུ། །
བརྡར་ཀྱང་སྨོན་ལམ་མཐུ་གྲུབ་སྒྱུ་མའི་ལུས། །
བརྒྱད་ཅུའི་བགྲང་བྱ་བརྒལ་བ་དྲིན་དུ་ཆེ། །
གདུག་པའི་མཚོན་དང་ངན་སྔགས་དུག་རྫས་སོགས། །
གཅེས་པའི་སྲོག་ལ་རྒོལ་བའི་ལོ་ཟླའི་འགག །
མི་མཐུན་ཕྱོགས་ལས་རྒྱལ་བའི་སྐུའི་རྒྱལ་མཚན། །
འཛམ་གླིང་ས་ཆེན་བསྐོར་བ་ཐུགས་རྗེ་ཆེ། །
ཞི་བདེ་ཀྲམ་པལ་གསེར་གྱི་གཟེངས་རྟགས་སོགས། །
སྒོ་གསུམ་མཛད་འཕྲིན་གོང་བཀུར་བརྒྱ་ཕྲག་ལྷག །
གངས་རི་ར་བའི་གངས་སེང་དར་ཆའི་རྩེར། །
རྒྱན་དུ་བཙུགས་པའི་ལོ་རྒྱུས་སྲོག་གིས་བྲིས། །
དཀྲོགས་གཏམ་ཁ་ཆར་བུ་ཡུག་འཚུབ་པའི་ཀློང་། །
ནམ་མཁའི་སྒལ་ཚིགས་གསལ་བའི་དྲང་སྲོང་གི །
ཕྱོགས་སུ་མ་ལྷུང་གསང་གསུམ་འཕྲིན་ལས་རླབས། །
ལྷུན་གྲུབ་རྒྱུན་མི་ཆད་པ་བཀའ་དྲིན་ཆེ། །
ཕྱི་ནང་གསང་བའི་མཛད་དཀའ་བལ་བ་ཛ། །
ཐབས་མཁས་འཕྲུལ་མཛངས་ཐུགས་སྟོབས་རྡོ་རྗེའི་རྩེས། །
ཀུ་ཤའི་རྩེ་ལྟར་མ་འདྲེས་གསལ་བའི་སྟོབས། །
སྟོབས་ཆེན་རྗེ་བློན་ཚོགས་ཀྱི་དོ་མི་ཟློ། །
ཁམས་གསུམ་སྐྱེ་གནས་བཞི་དང་རིགས་དྲུག་འགྲོར། །
ལས་ཉོན་ཆུ་བོའི་རླབས་ཀྱིས་ཟོ་ཆུན་ལྟར། །
དབང་མེད་འཁོར་བའི་འགྲོ་ལ་སྙིང་རྗེ་གསུམ། །
འགོག་མེད་ཐུགས་རྗེའི་གཏེར་ལ་སྐྱབས་སུ་མཆི། །
སྡུག་བསྔལ་མི་བསམ་བདེ་སྐྱིད་འདོད་རྣམས་ལ། །
དེ་རྒྱུ་དེ་བཞིན་གཤེགས་པས་གསུང་རྣམས་ཀུན། །
སྟོང་ཉིད་སྙིང་རྗེའི་སྙིང་པོར་དྲིལ་བའི་ཐབས། །
ཆེས་ཆེར་གསལ་བར་མཛད་ལ་གུས་པས་འདུད། །
གདམས་པ་སྐྱེས་བུ་གསུམ་གྱིས་རབ་མཛེས་པའི། །
བཀའ་གདམས་གསེར་ཕྲེང་དི་པཾ་ཀ་རའི་གཞུང་། །
ཁྲིད་ཆེན་བཅོ་བརྒྱད་གཏམ་གྱིས་རྐང་གཉིས་གཙོ། །
སྒྲུབ་པས་མཆོད་པར་མཛད་པ་བསམ་མི་ཁྱབ། །
རྒྱལ་བའི་བཀའ་ལ་ཡི་གེ་ན་གཅིག་ཀྱང་། །
འདོར་མེད་གདམས་པར་འཆར་བའི་སྲོལ་བཟང་པོ། །
ཡུན་རིང་ཟུངས་ཟད་ནད་པ་བཞིན་གྱུར་པ། །
སྲོག་མཐུད་རྡོ་རྗེའི་མདུད་རྒྱ་དམ་དུ་བསྡམས། །
ས་རྒྱན་སྐྱེས་ཚོམས་བསླབ་སྤྱོད་གཞུང་དྲུག་ཁྲིད། །
སྐལ་བཟང་ཐར་ལམ་གསལ་བའི་མཛད་བཟང་གིས། །
རྒྱལ་བ་བཀའ་གདམས་པ་དང་ལམ་རིམ་པར། །
གྲགས་པ་དཀར་བོའི་རྫ་རྔ་ཕྱོགས་སུ་བརྡུངས། །
ཕྱག་གིས་རེག་དང་འཛུམ་གྱིས་གཟིགས་ཙམ་ཡང་། །
དགའ་བདེ་ཟད་མི་ཤེས་པའི་རྒྱུར་འགྱུར་ན། །
མཐའ་ཡས་ཡོན་ཏན་ནམ་མཁའ་མཛོད་ཀྱི་སྒོ། །
ཆ་ཤས་རེ་ཡང་སོར་རྩེས་གཞལ་ནུས་སམ། །
ལྷ་རྟེན་ཚོམས་དང་འདུ་ཁང་བཞེངས་སྐྲུན་དང་། །
བླ་བྲང་གཟིམ་ཤག་རྒྱ་བསྐྱེད་དངུལ་རྩིས་ཀྱིས། །
ཐུབ་བསྟན་འཛིན་པའི་དར་ཆ་བསྒྲེངས་པའི་གཏམ། །
ཚིག་གི་ཟུར་དང་དོན་གྱིས་བསྟན་པ་མེད། །

འཕགས་ཡུལ་རིག་གཞུང་རྙིང་པའི་བཅུད་བསྡུས་ཏེ། །

འཇིག་རྟེན་ཀུན་ཁྱབ་ཤེས་པར་བྱ་བའི་གནས། །

བསྐྱར་གསོའི་འཕྲིན་ལས་རྩིབས་མ་བརྒྱ་པའི་གདུགས། །

ས་ཆེན་ཚ་གདུང་སྐྱོབ་པའི་གུར་དུ་ཕིབས། །

ད་དུང་དཀར་ནག་རྒྱ་དང་ཧོར་སོག་གིས། །

གཙོས་པའི་ཤར་ནུབ་གཞོན་སྐྱེས་གདུལ་བྱའི་འབངས། །

ཡར་ངོའི་ཟླ་ལྟར་འཕེལ་བའི་མཛད་བཟང་དཀར། །

དབྱར་གྱི་ཆུ་བོར་འདྲེས་པའི་དཔལ་མཐོང་ཤོག །
ལྷག་པའི་ལྷ་དང་ཡི་དམ་སྲུང་མ་དང་། །
ཤིན་ཏུ་ཕྲ་བའི་གནས་དག་མངོན་གཟིགས་པའི། །
ཀུན་ལ་བསྒྲགས་དང་གསང་བའི་མཛད་པ་རྣམས། །
བརྗོད་པར་འདོད་ཀྱང་ཕལ་བའི་བློས་མ་འཆུམས། །
ཕལ་ལ་ཆགས་རྣམས་ངོ་མཚར་སྐྱེད་པའི་གཏམ། །
འུར་གྱིས་བརྗོད་དང་གཞན་ལ་ཟུར་ཟ་བའི། །
ཚིག་གི་མཚོན་ཆ་གནམ་དུ་འཕྱར་བ་ཡི། །
རང་འདོད་ཁྲོམ་ལ་དགྲམ་པའི་སྤོབས་པ་ཞན། །
ཟབ་རྒྱས་དཔག་དཀའི་གསང་གསུམ་ནོར་བུའི་མཛོད། །
བསམ་པའི་བློ་དང་སྨྲ་བའི་ལྕེ་རྟུལ་ཏེ། །
བརྩེ་ལྡན་བྱམས་པའི་མ་ལ་བུ་ཆུང་གིས། །
དགའ་བའི་ཉམས་ཀྱིས་རྣམ་འགྱུར་སྟོན་པ་བཞིན། །
མགོན་ཁྱོད་མཐོང་ཐོས་དྲན་རེག་བྱམས་པའི་མེས། །
བསྐོལ་ཏེ་རུས་པའི་རྐང་ནས་ཁོལ་བ་ཡི། །
ཚིགས་སུ་བཅད་པའི་རབ་བྱེད་གླུ་འདི་ཡང་། །
ལྟ་སྤྱོད་བློ་མཐུན་གྲོགས་དག་སྐྱེས་སུ་བསྲིངས། །
ད་དུང་ཇི་ལྟར་ཐུགས་བསྐྱེད་སྨོན་པའི་མཚོར། །
བདག་ཅག་དེ་བཞིན་རེ་འདུན་ཆུ་བོའི་རྒྱུན། །
ལྷན་ཅིག་མཉམ་དུ་འདྲེས་པའི་སྟོབས་དག་གིས། །
གཏན་བདེ་ལག་པའི་མཐིལ་དུ་སྨིན་པར་ཤོག །
གཏམ་འདིའི་སྒྲོམ་དང་བློས་བསླངས་ཚིགས་བཅད་རེར། །
གབ་དང་གསལ་བའི་རྣམ་ཐར་སྣ་ཚོགས་པ། །
ཚིག་གི་རོལ་རྩེད་ཙམ་ལ་ར་བཟི་བའི། །
སྐྱེ་བོ་གང་དག་ལྟ་ལའང་སྒྱིད་ལུག་འགྱུར། །
ཤི་བོའི་ཁ་ཆེམས་གསོན་པོའི་རེ་སྒུག་གིས། །
གདུང་ཡུས་འོ་དོད་འབོད་བཞིན་གསོལ་འདེབས་ན། །
གཞིས་བྱེས་ལྷན་འཛོམས་གང་ཞབས་ཉི་མའི་འོད། །
ལྷ་ལྡན་གྲུ་འཛིན་ཞིང་དུ་འཕྲོ་བར་སྨོན། །
བདེན་ཚིག་དོན་ཀུན་གྲུབ་པའི་ཞལ་གྱི་སྒོར། །

ཡང་དང་བསྐྱར་དུ་མི་འཇིགས་སེང་གེའི་སྒྲས། །

དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་སོ་ཞེས། །

གསུངས་པ་འདི་ལས་དགའ་དང་སྐྱིད་པ་གང་། །
འཇིག་རྟེན་སྤྱི་དང་བྱེ་བྲག་གངས་ཅན་བོད། །
ཤིན་ཏུ་ཉམ་ངའི་ངང་ཚུལ་རྗེས་དགོངས་ལ། །
ཇི་ལྟར་གཉིས་མེད་གསུང་གིས་ཞལ་བཞེས་བཞིན། །
ལུང་དངརྨི་ལྟས་བསླུ་བ་མེད་པར་ཤོག །
སྒོ་གསུམ་དམན་པ་བདག་ཀྱང་ཚེ་རབས་ཀུན། །
ཁྱོད་ཞབས་པདྨོར་གུས་པས་མཆོད་པ་དང་། །
ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །
ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །
ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་བརྩེ་བས་དགོངས། །
གདུང་བས་འབོད་ཅིང་ཤི་ཚེ་མགོན་ཁྱོད་མཁྱེན། །
ཚེ་རབས་ཀུན་ཏུ་འཕགས་མཆོག་གར་བྱོན་ཡང་། །
རྒྱལ་སྲས་དཀྱིལ་འཁོར་མཛེས་པའི་རྒྱན་གྱུར་ཅིག །
རུས་པའི་རྐང་ནས་ཁོལ་བའི་གླུ་འདི་རུ། །
འཁྱིལ་བའི་རྣམ་དཀར་ཆུ་ཐིགས་འཐོར་འདི་ཡང་།  །
མགོན་ཁྱོད་ཇི་ལྟར་ཐུགས་བསྐྱེད་སྨོན་ལམ་གྱི། །
ཀློང་ཡངས་ཆུ་གཏེར་རླབས་དང་ཉེར་འདྲེས་ཤོག །


     ཅེས་རུས་རྐང་ནས་ཁོལ་བའི་གླུ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི།   སྟོང་ཉིད་སྙིང་རྗེའི་བདག་ཉིད་འཇིག་རྟེན་གསུམ་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་༸རྗེ་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ཞི་བདེའི་ལམ་སྟོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དགུང་གྲངས་༡༡༣ བཞུགས་རྒྱུའི་ལུང་བསྟན་དང་རྨི་ལྟས་བྱུང་སྐོར་ཡོངས་ཁྱབ་གསུང་གི་བདུད་རྩི་རྣ་བའི་བུ་རམ་དུ་སིམ་ཞིང་།   ཕྱི་ལུགས་དགུང་གྲངས་༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་ཚིགས་སུ་བཅད་པའི་རྩོམ་ཡིག་ཅིག་ཕྲིས་ཤིག་ཅེས་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགེ་སློང་གཟིམ་ཆུང་ཞབས་ཞུ་བ་བཛྲ་འཕྲིན་ལས་ལགས་ཀྱི་གསུང་གིས་ཉེ་བར་བསྐུལ་ཞིང་རང་གིས་ཀྱང་འདོད་པས་མཚམས་སྦྱར་བ་ལ་བརྟེན།   དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་དགའ་ལྡན་ཕོ་བྲང་གི་ལས་ཤག་ཏུ་ཐུན་མཚམས་རེ་གཉིས་སུ་སྤེལ་པ་དགེའོ།། །།