བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་ཆོས་གནང་སྒོ་མཇུག་སྒྲིལ་བ།  


མདུན་ངོས། / བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་ཆོས་གནང་སྒོ་མཇུག་སྒྲིལ་བ།  


༄༅།། ཕྱི་ལོ་༢༠༡༨ ཟླ་ ༦ ཚེས་ ༨ ཉིན་གསུམ་རིང་གི་བོད་རིགས་གཞོན་སྐྱེས་རྣམས་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་གནང་སྒོ་མཇུག་སྒྲིལ་བ་དང་ལྷན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་དང་། འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་དང་། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་ཕོ་བྲང་ནས་ཐེག་ཆེན་ཆོས་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སེར་སྐྱ་ཁག་ཅིག་གིས་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་མཆོག་གིས་མཛད་པའི་བློ་རིག་གི་སྡོམ་སྐྱོར་བ་དང་།  དེ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཁག་ཅིག་གིས་ལས་འབྲས་ཀྱི་སྐོར་ལ་རྟགས་གསལ་གཟིགས་འབུལ་ཞུས་རྗེས་བཀའ་སློབ་སྩལ་དོན།  ཁྱོད་རང་ཚོས་རྟགས་གསལ་བཏང་བ་དེ་ཁ་སང་ཞུས་པའི་ཐུགས་རྗེ་མངའ་བ་རིང་གཟིགས་པས།། བཀག་པ་རྣམས་ཀྱང་དེ་ལ་གནང་།། ཞེས་པ་དེ་ལ་འགྲིག་གི་ཡོད་པ་རེད། ཁ་ནས་བསྟན་པའི་དོན་དུ་ཡིན་ཞེས་སེམས་ལ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་གང་ཡང་མེད་ན་གང་ཤེས། ཞེས་བཀའ་གནང་བ་དང་། 

མུ་མཐུད་བཀའ་སློབ་ཕེབས་དོན།  སྤྱོད་འཇུག་ནས་གསུངས་ཡོད་པ་ལྟར། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་འབུ་སྲིན་ལ་སོགས་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དེའི་ནང་ཚན་ནས་འགྲོ་བ་མི་ལ་ཆ་བཞག་ན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཆགས་ཡོད། བདེ་སྡུག་ལ་ལུས་ཚོར་གྱི་བདེ་སྡུག་རིམ་པ་དང་།  སེམས་ཚོར་གྱི་བདེ་སྡུག་རིམ་པ་གཉིས་རེད། ལུས་ཀྱི་བདེ་སྡུག་གལ་ཆེན་པོ་ཡིན་ཀྱང་གཙོ་བོ་སེམས་ཀྱི་བདེ་སྡུག་དེ་ཧ་ཅང་ཚོར་བ་རྣོ་བ་འདུག མཁྱེན་སོང་ངམ། ངོས་ནས་རང་གི་ཉམས་མྱོང་གི་ལོ་རྒྱུས་ཞིག་བཤད་རྒྱུ་ཡིན། སྔོན་མ་ངོས་རང་རྡོ་རྗེ་གདན་ནས་གནས་སྐོར་ཞིག་གི་སྐབས་ལ་ཧ་ཅང་མ་བདེ་བ་ཞིག་བྱུང་། གྲོད་ཁོག་ལ་ན་ཚ་ཆེན་པོ་བཏང་བས་པཱར་ན་(Patna) བརྒྱུད་མུམ་བྷེ་ (Mumbai)ལ་སྨན་བཅོས་བྱེད་པར་སོང་བ་ཡིན། པཱར་ན་ལ་འགྲོ་སྐབས་ལམ་ཁར་ཕྲུ་གུ་ཧ་ཅང་སྐྱོ་བོ་དེ་འདྲ་མཐོང་རྒྱུ་འདུག སློབ་སྦྱོང་ཞིག་གང་དུ་ཡོད། འཕྲལ་སེལ་གྱི་ལྟོས་གོས་ལའང་དཀའ་ངལ་ཡོད་པ་མང་པོ་མཐོང་སོང་། པཱར་ན་གྲོང་ཁྱེར་གྱི་སྣེ་ཟིན་ནས་མར་འགྲོ་དུས་སྐྲ་དཀར་པོ་གཟེངས་ཡོད་པའི་སྤོ་ལགས་ཤིག་ཉལ་ཁྲི་ཞིག་གི་སྟེང་དུ་ཉལ་ནས་བསྡད་འདུག  ཕྱོགས་གཅིག་ནས་སྤོ་དེ་ནད་པ་ཡིན་པ་ཧ་ཅང་གསལ་བོ་རེད། རོགས་པ་བྱེད་མཁན་སུ་གཅིག་མི་འདུག སྐབས་དེར་ངོས་རང་སེམས་ཧ་ཅང་སྐྱོ་བོ་བྱུང་། དེ་ནས་མགྲོན་ཁང་ལ་སླེབས་ནས་ཉམ་ཐག་དེ་ཚོ་བསམ་བློར་འཁོར་བ་དང་ཁོང་ཚོ་ལས་ངོས་རང་འདིར་མཐུན་རྐྱེན་འཛོམས་པོ་ཡོད་པ་རེད་དྲན་སྐབས་གྲོད་ཁོག་ན་བའི་ན་ཟུག་དེ་མེད་པ་ལྟ་བུ་ཆགས་སོང་། སེམས་ཀྱི་ནང་དུ་གཞན་གྱི་སྡུག་བསྔལ་བསམ་ནས་ཡོང་བའི་སྐབས་སུ་བསམ་བློ་གཏོང་སྟངས་ཀྱི་དབང་གིས་ལུས་ཀྱི་ན་ཚ་ཟིལ་གྱིས་མནན་ནས་གང་ཡང་མེད་པ་ཞིག་རེད། དེ་ཧ་ཅང་གསལ་བོ་རེད། དེར་བརྟེན། ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་གི་ཚོར་བ་གཉིས་ལས་སེམས་ཀྱི་བདེ་སྡུག་དེ་གལ་ཆེ་བ་ཆགས་བསྡད་ཡོད། དེང་གི་འཛམ་གླིང་དུ་ལུས་ཀྱི་བདེ་སྡུག་ལ་སྨན་བཅོས་འཕྲོད་བསྟེན་ཧ་ཅང་ཡག་པོ་ཡོད་པ་རེད། ཡིན་ནའང་། སེམས་ཀྱི་བདེ་སྡུག་དེ་སྨན་ཟས་ནས་དྲག་ཐུབ་ཐབས་ཡོད་པ་མ་རེད། ལུང་པ་མང་པོའི་ནང་དུ་བཟི་སྨན་(drug)ཟ་མཁན་མང་པོ་བྱུང་བ་དེ་ནི་སེམས་མ་སྐྱིད་པས་རེད། སེམས་མ་སྐྱིད་པ་ནི་བསམ་བློའི་ཐོག་ནས་སྡུག་བསྔལ་ཉུང་རུ་གཏོང་བ་དང་། བདེ་བ་སྒྲུབ་ཐབས་མ་ཤེས་པའི་དབང་གིས་བཟི་སྨན་ཟས་ན་ཨེ་དྲག ཨ་རག་འཐུང་ན་ཨེ་དྲག་བསམ་ནས་འགྲོ་བསྡད་ཀྱི་ཡོད་པ་རེད། དེར་བརྟེན། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། ཟེར་བ་རེད། 

སེམས་ཀྱི་བདེ་སྡུག་ནི་གང་ལྟར་སེམས་དཀྲུགས་མཁན་གྱི་བློའམ་ང་རང་ཚོས་ཉོན་མོངས་ཞེས་མིང་བཏགས་པ་ཁོ་རང་བློ་གང་ཞིག་སྐྱེས་སོང་ན་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་པའམ་མ་སྐྱིད་པར་བྱེད་པ་དང་། ཉོན་མོངས་པ་སྤྱིའི་མཚན་ཉིད་བཤད་སྐབས་རབ་ཏུ་མ་ཞི་བར་བྱེད་མཁན་ཟེར་གྱི་ཡོད། དེར་བརྟེན་ཉོན་མོངས་ཞེས་མིང་ཐོགས་པ་དེ་ནི་བློ་གང་རྒྱུད་ལ་སྐྱེས་པའི་ཚེ་སེམས་དཀྲུགས་ནས་མ་ཞི་བར་བྱེད་མཁན། མ་སྐྱིད་པར་བྱེད་མཁན་དེ་འདྲ་ཞིག་ལ་ཉོན་མོངས་ཟེར་གྱི་ཡོད་པ་རེད། དེ་ནང་པའི་ཆོས་སྐད་གཅིག་པུ་མ་ཡིན་པར་མུ་སྟེགས་པའི་གཞུང་དུའང་གསུངས་ཀྱི་ཡོད་པ་རེད། ཅེས་རང་གཅེས་འཛིན་གྱི་བློ་ཡིས་དགྲ་བཅོམ་པ་ཡིན་ནའང་འགལ་རྐྱེན་ཞིག་བཟོ་བཞིན་པ་ཤེས་དགོས་པའི་སྐོར་དང་། སྤྱི་ཚོགས་ནང་འཆམ་པོ་གནས་དགོས་པའི་སྐོར་སོགས་བཀའ་སློབ་སྩལ་རྗེས་སྤྱོད་འཇུག་ཆེན་མོའི་བཤད་ལུང་འཕྲོ་སྐྱོང་མཛད་པ་དང་།  

ཆུ་ཚོད་༡༠།༣༠ ཙམ་ལ་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པའི་བར་བཤད་ལུང་གྲུབ་པ་དང་། འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུའི་བཀའ་ཕེབས་པ་དང་འབྲེལ་བཀའ་སློབ་སྩལ་དོན། སྟོང་པ་ཉིད་ཀྱི་ལྟར་བ་ཟེར་བ་ནི་གང་ལྟར་ཤེས་རབ་ཁོ་ནས་ལས་ཀ་བྱེད་དགོས། ང་རང་ཚོར་དཔྱད་པ་བྱེད་པའི་རིག་ཤེས་ཤིག་ཡོད་པ་རེད། ད་དུང་གྲི་དང་འདྲ་ན་བརྡར་ནས་རྣོ་རུ་གཏོང་དགོས། དེར་བརྟེན་སྨོན་ལམ་བརྒྱབ་པ་གཅིག་པུ་དང་གཟུངས་སྔགས་བགྲངས་པ་གཅིག་པུའི་ཡོང་གི་མེད། རིག་པས་དཔྱད་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་དགོས། གཙོ་བོ་རིག་པ་གོང་ནས་གོང་དུ་འཕེལ་བ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་དཔྱད་པ་བྱས་ནས་འགྲོ་རྒྱུ་དེ་རེད། དེའི་ཐོག་ལྷག་པའི་ལྷ་ལ་བརྟེན་པ་ཡིན་ན་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཆགས་ཡོད། ཤེས་རབ་གོང་ནས་གོང་དུ་འཕེལ་བའི་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་རེད།  རྗེ་བཙུན་འཇམ་པའི་དབྱངས་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་། དེ་རིང་འདིར་འཇམ་དབྱངས་དཀར་པོ་ཡག་པོ་མཐོང་གི་འདུག ཆོ་ག་ཉུང་ཉུང་དང་འཇམ་དབྱངས་དཀར་པོ་སྙིང་རྗེའི་ལྷ་ཆགས་ཀྱི་ཡོད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོས་ནས་ཤེས་རབ་འཕེལ་བ་དང་། འཇམ་དབྱངས་དཀར་པོ་སྙིང་རྗེའི་ལྷ་མཆོག་ཡིན་པའི་ཆ་ནས་སྙིང་རྗེ་གོང་ནས་གོང་དུ་འཕེལ་བ་ལ་ཡག་པོ་མཐོང་གི་འདུག དེར་བརྟེན་འཇམ་དབྱངས་དཀར་པོའི་རྗེས་གནང་བྱེད་དགོས་བསམ་པ་དྲན་བྱུང་། ཞེས་སོགས་བཀའ་སློབ་སྩལ་རྗེས་སྒྲུབ་ཞག་མཛད་པ་དང་། 

དེ་ནས་མུ་མཐུད་སེམས་བསྐྱེད་ཀྱི་ཕན་ཡོན་སོགས་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་པ་དང་།  རྗེས་གནང་སྔོན་འགྲོའི་ངོ་སྤྲོད་མཛད་དེ་འཇམ་དབྱངས་དཀར་པོའི་རྗེས་གནང་དངོས་གཞི་རིིམ་པར་བཀའ་དྲིན་སྩལ་རྗེས་སྤྱོད་འཇུག་གི་བསྔོ་བའི་ལེའུ་མཉམ་དུ་གསུངས་འདོན་གནང་བ་དང་། གསུངས་འདོན་གྲུབ་མཚམས་བཀའ་སློབ་སྩལ་དོན། ནམ་རྒྱུན་སློབ་ཕྲུག་ཚོར་བཀའ་ཆོས་བྱེད་བཞིན་པ་ལྟར་ད་ལོའི་ཆོས་འབྲེལ་བྲེལ་བ་ཆེན་པོ་ཞིག་བྱུང་སོང་ཡང་། སྤྱོད་འཇུག་གི་བཤད་ལུང་ཐོབ་ཡོད་པ་རེད། ཁྱོད་རང་ཚོས་དུས་རྒྱུན་དུ་སྤྱོད་འཇུག་རྒྱུས་ཡོད་པ་ཞིག་བྱོས། ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་བཞིན་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོས་མཛད་པའི་བྱང་ཆུབ་སེམས་བསྟོད་དེ་འབྲལ་མེད་བྱས་ཏེ་ཉར་ནས་སྡོད། དེ་ལ་ཏོག་ཙམ་ཏོག་ཙམ་བསམ་བློ་བཏང་བ་ཡིན་ན་དེའི་རྒྱབ་རྟེན་སྤྱོད་འཇུག་རེད། བྱང་ཆུབ་སེམས་བདུན་དེ་ཧ་ཅང་ཡག་པོ་ཡོད་པ་རེད། དེ་ལྟར་གནང་ཤོག ལོ་རྗེས་མ་ཡང་ང་ཚོ་འདིར་རུབ་རུབ་བྱེད་རྒྱུ་ཡོང་གི་རེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ་ཏེ་ཕྱི་ལོ་ ༢༠༡༨ ལོའི་གཞོན་སྐྱེས་ཀྱི་ནང་ཆོས་ངོ་སྤྲོད་དང་ཆོས་འབྲེལ་གྱི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།