དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་བ།

མདུན་ངོས། / དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཤྲཱི་ལངྐ་ (Sri Lanka) དང་། མ་ཡན་མཱརསས། (Myanmar)  ཐའི་ལེནྜི། (Thailand) ཝི་ཏི་ནམ། (Vietnam) ཐའེ་ཝན།  (Taiwan)  དེ་བཞིན་རྒྱ་གར་བཅས་ནས་ཕེབས་པའི་ནང་པའི་སྐུ་ཚབ་དང་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་དབར་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་སྐུ་ཚབ་རྣམས་ལ་མཇལ་འཕྲད་གནང་བ་དང་། དེ་ནས་བཀའ་སློབ་སྩལ་དོན། ངོས་རང་ཕྱི་ལོ་ ༡༩༥༤ ལོར་དགེ་སློང་གི་སྡོམ་པ་ཆ་ཚང་ཞུས་པའི་ནང་པའི་དགེ་སློང་ཞིག་ཡིན་པ་མ་ཟད། དུས་རབས་ ༨ ནང་བོད་དུ་དར་བའི་དཔལ་ན་ལེནྡྲའི་གནའ་རབས་རིག་གནས་ཀྱི་རྗེས་འཇུག་པ་ཞིག་ཀྱང་ཡིན།


ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་ན་ལེནྡྲའི་མཁས་པའི་དབང་པོའི་གྲས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ཏེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དེ་བཞིན་བོད་དུ་དར་སྤེལ་མཛད་ཡོད། དེ་ཡང་མཁན་ཆེན་ཞི་བ་འཚོ་ནི། ནང་པའི་དགེ་སློང་ཞིག་དང་། ལྟ་གྲུབ་སྨྲ་བ་པོ། ཚད་མ་རིག་པ་བ་བཅས་རེད། ཅེས་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ལོ་ངོ་ ༢༦༠༠ ལྷག་གི་ནང་པ་སངས་རྒྱས་པའི་ཆོས་དེང་དུས་སྤྱི་ཚོགས་ནང་འབྲེལ་བ་ཇི་ཙམ་ཡོད་མེད་སྐོར་བཀའ་སློབ་སྩལ་དོན། རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་ཤིག་གི་དབང་གིས། དུས་རབས་༢༠ ནང་དཀའ་ངལ་ཚང་མ་དྲག་པོའི་ལམ་ནས་སེལ་ཐུབ་ཀྱི་ཡོད་པ་དགོངས་པར་བརྟེན་དུས་རབས་ཉི་ཤུ་ནི་དྲག་པོའི་ལམ་ལ་ཕྱིན་ཡོད།  དེའི་ཉེར་ལེན་ལ་བརྟེན་ནས་དུས་ད་ལྟ་ཡིན་ཡང་ང་ཚོ་འདིར་ཞི་བདེ་ངང་འཚོ་བཞིན་ཡོད་ཀྱང་འཛམ་གླིང་གི་ཡུལ་གྲུ་གཞན་ནང་མི་ཕན་ཚུན་དབར་མི་གསོད་ཁྲག་སྦྱོར་དང་། མི་རིགས་དབྱེ་འབྱེད། གདོང་གི་ཚོས་གཞི་དང་རིགས་རུས་ཀྱི་དབྱེ་འབྱེད། མི་རྣམས་མུ་གེ་ཐེབས་ནས་འཆི་བཞིན་ཡོད་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད།

ཆོས་ལུགས་ཁག་ལ་ལྟ་གྲུབ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡོད། དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་བརྩི་བཀུར་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་བར་འབད་བརྩོན་ཞུ་བཞིན་ཡོད།

རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ཞིབ་ཕྲ་གསུང་ཡོད། ནང་པའི་གཞུང་ནས་གསུང་བའི་བློའི་རྣམ་གཞག་གི་ཤེས་བྱ་སོགས་ཀྱིས་དེང་དུས་ཚན་རིག་པའི་སྡེ་ལའང་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད། དམ་པའི་ཆོས་འདུལ་བ་ནི་སངས་རྒྱས་པའི་ཆོས་ཀྱི་རྩ་བ་ཡིན། འདི་གཞིར་བཞག་ཐོག་ང་ཚོས་མ་རིག་པ་དང་ཉོན་མོངས་དུག་གསུམ་སྤོང་ཐུབ་པ་དགོས། ཞེས་དང་།

འཕགས་པའི་བདེན་བཞི་དང་པཱ་ལིའི་ཆོས་བརྒྱུད་ཀྱི་གཞུང་ནས་གསུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་གལ་གནད་རང་བཞིན་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། བློ་རྣོ་བོ་བཟོ་བར་ཤེར་ཕྱིན་གྱི་མདོ་དང་འབྲེལ་བའི་དཔལ་དགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་འཕགས་པ་ལྷས་མཛད་པའི་གསུང་རྩོམ་གྱི་གལ་གནད་རང་བཞིན་སོགས་ཀྱི་སྐོར་བཀའ་སློབ་སྩལ། སྐབས་དེར་མ་ཡན་མཱར་དང་། ཐེ་ཝན། རྒྱ་གར་བཅས་ཀྱི་སྐུ་ཚབ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་ཕུལ་བ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཁོང་རྣམ་པར་སྟོན་པ་ཐུབ་པའི་དབང་བོའི་སྐུ་བརྙན་རེ་སྩལ་ཡོད།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ལི་ཧྥོར་ནི་ཡ་མངའ་སྡེ་ནང་གི་སྙིང་རྗེ་གྲོང་ཁྱེར་ཨ་ན་ཧེམ་ Anaheim གྱི་སྤྱི་ཁྱབ་པ་སྐུ་ཞབས་ཊོམ་ Tom Tait མཆོག་དང་མཇལ་འཕྲད་ཀྱིས་སྐུ་ཞབས་ཊོམ་མཆོག་གིས་ད་བར་འབད་བརྩོན་ལ་བརྟེན་ནས་སྙིང་རྗེ་གྲོང་ཁྱེར་ཨ་ན་ཧེམ་ནང་སློབ་ཕྲུག་ཚོའི་སེམས་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད་པའི་སྐོར་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་མཛད།

མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཕྱི་དངོས་པོ་ལ་བརྟེན་ནས་འབྱུང་གི་ཡོད་པ་སྣང་ཡང་། དོན་དངོས་སུ་བདེ་སྐྱིད་ནི་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་འབྱུང་གི་ཡོད། ཁོང་ཁྲོ་དང་ཞེ་སྡང་། སེམས་ཁྲལ། འཇིགས་སྣང་སོགས་ཀྱིས་འགྲོ་བ་མིའི་སེམས་ཀྱི་ཞི་བདེ་མེད་པར་བཟོ་ཡི་ཡོད། དེ་དག་གི་གཉེན་པོ་ནི་བྱམས་པ་དང་སྙིང་རྗེ་ཡིན་པས། ཡང་དག་པའི་ཤེས་ཡོན་སློབ་གསོ་ཞིག་ཡོད་ན། ང་ཚོས་དཀའ་ངལ་དེ་དག་སྟངས་འཛིན་བྱེད་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ། །