ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་སྩལ་བ།

མདུན་ངོས། / ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུ་ཝི་ནི་ཡའི་ Lithuania རྒྱལ་ས་ཝིལ་ན་སི་ Vilnius ནང་རྟེན་གཞི་བྱས་པའི་ཝིལ་ན་སི་གཙུག་ལག་སློབ་གཉེར་ཁང་University of Vilnius དུ་སློབ་ཕྲུག་དང་མང་ཚོགས་ལ་དེང་དུས་ཤེས་ཡོན་ལམ་ལུགས་ནང་སྤྱོད་བཟང་ཤེས་ཡོན་དགོས་གལ་སྐོར་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་ཐོག་མར་བཞུགས་གནས་གསོལ་མགྲོན་ཁང་དུ་ lrytas.tv channel ཞེས་པའི་བརྙན་འཕྲིན་གསར་འགྱུར་ཚན་པའི་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། གསར་འགོད་པས་ལས་དོན་ཇི་འདྲ་ཞིག་ཐོག་ཐག་གཅོད་མཛད་པ་དེ་དག་ཡང་དག་པ་ཞིག་ཡིན་པའི་ངེས་པ་ཇི་ལྟར་རྙེད་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར།  མི་ཚེའི་གནས་སྟངས་མགོ་རྙོག་ཚ་པོ་རེད། ངོས་ཀྱིས་ཀླད་པ་བེད་སྤྱོད་བྱེད་བཞིན་ཡོད། མིའི་ཀླད་པར་ནུས་པ་ཆེན་པོ་ཡོད། འོན་ཀྱང་ཆགས་སྡང་གི་གཞན་དབང་དུ་མ་སོང་བ་དགོས། གནས་སྟངས་ཇི་འདྲ་ཞིག་ཡིན་ཡང་ངོ་གདོང་ཙམ་ལ་ཆ་མ་བཞག་པར་ཕྱོགས་མང་པོའི་ཐོག་ནས་ལྟ་དགོས་པ་དང་།  དངོས་ཡོད་གནས་ཚུལ་དང་བསྟུན་ནས་འགྲོ་དགོས་པ་གལ་ཆེ།   དེ་འདྲ་བྱས་པ་ཡིན་ན་ཐག་གཅོད་གང་འདྲ་ཞིག་བྱས་ཀྱང་ཚད་དང་ལྡན་པ་ཞིག་ཡོང་ཐུབ། གཙོ་བོ་མིའི་རྣམ་དཔྱོད་ཀྱི་ཤེས་རབ་བཀོལ་སྤྱོད་བྱེད་དགོས།  སེམས་ནང་རིམ་བཞིན་གདེང་སྤོབས་བསླེབ་སྐབས་བསམ་བློའི་ནུས་ཤུགས་ཇེ་ཆེར་འགྲོ་ཐུབ།  ཅེས་བཀའ་ལན་སྩལ་རྗེས་གསར་འགོད་པ་མི་གྲངས་ ༦༠ ཕེབས་པའི་གསར་འགོད་ལྷན་ཚོགས་ཐོག་ཆིབས་སྒྱུར་བསྐྱངས་ནས་གསར་འགོད་པ་ཚོར་འཚམས་འདྲི་དང་སྦྲགས་མགོན་པོ་གང་ཉིད་མཆོག་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཡོད་པའི་ཁོངས་ཀྱི་གཅིག་ཡིན་པ་དང་། ལུས་དང་སེམས་གང་གི་ཆ་ནས་ཀྱང་འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པ་མ་ཟད། ཚན་རིག་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་སུ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་ཡོད་པས་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཡོད་པ་དང་། ང་ཚོའི་ཉིན་རེའི་འཚོ་བའི་ཉམས་ཁྲོད་དུའང་དེ་ལྟར་ཡིན་པ་གསལ་པོ་རྟོགས་ཐུབ་པའི་སྐོར་བཀའ་གནང་བ་དང་།   ཇི་ཙམ་གྱི་བྱམས་བརྩེའི་བསམ་བློ་ཡོད་པ་དེ་ཚོད་ཀྱིས་ལུས་སེམས་བདེ་ཞིང་སྐྱིད་པ་ཡོད།   དུས་རྟག་ཏུ་རླུང་ལངས་པའམ་འཇིགས་སྣང་བྱས་ནས་བསྡད་པ་ཡིན་ན་ལུས་ཟུངས་ཞན་པོ་ཆགས་རྒྱུ་ཡིན་ཞེས་སོགས་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཀྱང་། དེང་གི་སྐབས་སུ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་དང་། དེ་སེལ་བའི་ཐབས་ལམ་ལའང་མི་རང་ཉིད་ཀྱིས་བསམ་བློ་དོ་ནན་གཏོང་གལ་ཆེ་སྐོར་བཀའ་སྩལ་བ་དང་། 

མི་རྣམས་ལ་བྱིས་པའི་གནས་སྐབས་སུ་བྱམས་བརྩེ་དང་མཛའ་བརྩེའི་འདུ་ཤེས་ཤུགས་ཆེ་ཡང་རིམ་བཞིན་ནར་སོན་སྐབས་ང་ཚོ་དང་ཁོ་པ་ཚོ། ཞེས་རང་དང་གཞན་དབར་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་ཆེར་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་ཐོག་དམིགས་ཡུལ་བཟུང་ནས་འགྲོ་བ་མ་གཏོགས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་ཐོག་བསམ་བློ་དེ་ཙམ་གཏོང་གི་མེད།  ང་ཚོས་ལུས་པོ་བདེ་ཐང་ཆེད་ལུས་པོའི་འཕྲོད་བསྟེན་གལ་ཆེར་རྩི་བཞིན་པ་ལྟར་བསམ་བློ་བདེ་ཐང་ལ་དམིགས་ནས་སེམས་ཁམས་འཕྲོད་བསྟེན་ལའང་དོ་སྣང་ངེས་པར་བྱེད་དགོས།  བསམ་བློ་བདེ་ཐང་གི་སློབ་གསོའི་སྐོར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་འདུག” ཅེས་བཀའ་སློབ་སྩལ། 

དེ་རྗེས་གསར་འགོད་པས་ཕོ་མོའི་ལས་འགན་ཐོག་གཟིགས་ཚུལ་ཇི་འདྲ་ཡིན་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། གདོད་མའི་སྤྱི་ཚོགས་ཀྱི་གནས་སྐབས་སུ་ལུས་སྟོབས་ཆེ་ཆུང་གཙོ་བོར་འཛིན་ནས་འགོ་ཁྲིད་སུས་བྱེད་མིན་ཐག་གཅོད་བྱ་དགོས་སྟབས་སྐྱེས་པ་ཚོས་འགོ་ཁྲིད་བྱེད་རྒྱུའི་འགྲོ་སྟངས་ཤིག་ཆགས་པ་རེད།   འོན་ཀྱང་ད་ཆ་ཤེས་ཡོན་ཐོག་ནས་ཕོ་མོ་འདྲ་མཉམ་གི་གནས་སྟངས་ཤིག་ཆགས་ཟིན་སྟབས་འཛམ་གླིང་ཁྱོན་དུ་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེར་གལ་ཆེར་རྩི་བཞིན་ཡོད། ཕོ་མོ་དབྱེ་འབྱེད་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཚན་རིག་པས་བརྟག་དཔྱད་བྱེད་སྐབས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བསམ་བློ་དེ་སྐྱེས་པ་ལས་བུད་མེད་ཚོར་ཤུགས་ཆེ་བ་ཡོད་པ་བརྗོད་བཞིན་འདུག  དེར་བརྟེན་བྱམས་བརྩེ་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུའི་འགན་དེའང་བུད་མེད་ཚོར་ཆེ་བ་ཡོད། ཅེས་སོགས་བཀའ་ལན་སྩལ། 

དེ་རྗེས་ཝིལ་ན་སི་གཙུག་ལག་སློབ་གཉེར་ཁང་ (University of Vilnius) དུ་ཆིབས་སྒྱུར་བསྐྱངས་ནས་མང་ཚོགས་ ༢༠༠༠ བརྒལ་བར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་སྤྱོད་བཟང་གི་ཡོན་ཏན་དགོས་གལ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ།

དེ་ཡང་སྐབས་དེར་ཐོག་མར་བོད་ཁང་གི་འགན་འཛིན་སྐུ་ཞབས་ཝི་ཏི་སི་ཝི་དུ་ན་སི་ Prof. Vytis Vidunas ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། ཚུལ་ཁྲིམས་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད་པ་གཅིག་མཚུངས་ཡིན་ཡང་ང་ཚོས་རང་འདོད་ཆེ་དྲགས་པར་བརྟེན་རང་ཉིད་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུར་དམིགས་ནས་གཞན་རྣམས་ལ་འཛེམས་ཟོན་སྤངས་ནས་མགོ་སྐོར་བསླུ་བྲིད་དང་བཤུ་གཞོག་སོགས་གཏོང་བཞིན་ཡོད་པར་བརྟེན་རྙོག་དྲ་བཟོ་མཁན་ང་ཚོ་རང་ཉིད་ཆགས་ཡོད། ཅེས་དང་། དུས་རབས་ ༢༠ པ་འཚེ་བའི་དུས་རབས་ཤིག་ཆགས་ཡོད་པ་དང་། དེང་གི་སྐབས་སུ་འཛམ་གླིང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་དངོས་ཡོད་གནས་སྟངས་ཐོག་ཡོད་སྟབས་དྲག་པོའི་སྟོབས་ཤུགས་དང་འཚེ་བའི་ཐོག་ནས་དཀའ་ངལ་དང་རྙོག་དྲ་སེལ་ཐབས་བྱས་ཚེ་དངོས་ཡོད་གནས་སྟངས་དང་རྩ་བ་ནས་མ་འཚམས་པ་ཞིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཡོངས་ལ་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་ནས་གཞན་དོན་གྱི་འདུ་ཤེས་ཤུགས་ཆེ་རུ་གཏོང་དགོས་པ་དང་།  གལ་ཏེ་ང་ཚོས་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་དགོས་ན་གོ་མཚོན་ཉོ་ཚོང་ཇེ་ཉུང་དུ་གཏོང་ཐབས་དགོས་པ་མ་ཟད།  རིམ་བཞིན་རྡུལ་ཕྲན་མཚོན་ཆ་དེ་དག་འཛམ་གླིང་ནང་རྩ་མེད་གཏོང་དགོས།  འཕྲལ་སེལ་མེ་མདའི་སྟོབས་ཤུགས་ཆེ་བ་ལྟ་བུར་མངོན་ཡང་ཕུགས་ལ་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་ངེས་ཡིན་པ་ནི་རྒྱལ་ཁབ་ཆུང་ཆུང་འདིས་དཔེ་མཚོན་བྱེད་ཐུབ། ཅེས་འཇིག་རྟེན་ཞི་བདེའི་ལམ་སྟོན་ཟབ་རྒྱས་སྩལ་ཞིང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གི་དགོངས་བཞེད་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་སྩལ། 

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་འགན་འཁུར་གསུམ་པའི་སྐོར་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པའི་གལ་གནད་སྐོར་དང་། མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བ་མ་ཟད།  དེང་སྐབས་བོད་ཀྱི་འཁྱགས་རོམ་ཞུ་ཚད་ཧ་ཅང་མྱུར་པོ་ཆགས་པ་ནས་གནས་སྟངས་ཧ་ཅང་ཛ་དྲག་ཅིག་ཆགས་འདུག  ང་ཚོས་བོད་ཀྱི་གཙང་ཆུ་རྣམས་སྲུང་སྐྱོབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་གནང་བ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྐྱེད་འགན་འཁུར་བཞི་པ་རྒྱ་གར་གནའ་བོའི་ལེགས་བྱང་བསྐྱར་གསོའི་སྐོར་བཀའ་སྩལ་རྗེས་མང་ཚོགས་དྲི་བར་བཀའ་ལན་སྩལ་གྲུབ་བསྟུན་ཉེ་འགྲམ་དུ་བོད་ཀྱི་ས་ཚིགས་ (Tibet Square) ཞེས་པའི་ས་གནས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཡུལ་དེ་ཉིད་རང་བཙན་ཐོབ་ནས་མི་ལོ་བརྒྱ་ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན།  བོད་དང་ལི་ཐུ་ཝི་ཡ་ན་ཡུལ་གཉིས་དབར་མཛའ་བརྩེའི་འབྲེལ་ལམ་མཚོན་ཆེད་ཤིང་སྣ་འདེབས་འཛུགས་མཛད། དེ་ཁུལ་དུ་འགྲེམས་སྟོན་བྱས་ཡོད་པའི་བོད་དོན་པར་རིས་ལ་ཐུགས་ཞིབ་མཛད་རྗེས་གྲོང་སྡེའི་སྤྱི་ཁྱབ་པ་ (Mayor of Vilnius) སྐུ་ཞབས་ཨར་ཏུ་ར་སི་ཛུ་ཀ་སི་ (Mr. Arturas Zuokas ) མཆོག་དང་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།