སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་ལི་ཐུ་ཝེ་ནི་ཡར་ཞབས་སོར་འཁོད་པ།

མདུན་ངོས། / སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་ལི་ཐུ་ཝེ་ནི་ཡར་ཞབས་སོར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་གླིང་ཆེན་ནང་གི་བྷལ་ཊིག་ Baltic མངའ་ཁུལ་ཡིན་པ་ལི་ཐུ་ཝེ་ནི་ཡའི་ Lithuania རྒྱལ་ས་ཝིལ་ན་སིར་ Vilnius ༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། 

དེ་ཡང་༸གོང་ས་མཆོག་ཝིལ་ན་སིར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་རཱཇེནྡྲ་ཀུ་མཱར་ཅོ་དེ་རི་ Rajinder Kumar Chaudhary མཆོག་དང་།  བོད་ཁང་འགན་འཛིན་སྐུ་ཞབས་ཝི་དུ་ན་སི་ Vytis Vidunas ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཕྱི་ཚེས་ ༡༣ ནས་ཉིན་གྲངས་གསུམ་རིང་ཁུལ་དེར་ཡོད་པའི་བོད་ཁང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁུལ་དེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་པ་རེད།   ༸གོང་ས་མཆོག་ཡུལ་འདིར་ཕྱི་ལོ་  ༡༩༩༡ ལོ་དང་། ཕྱི་ལོ་ ༢༠༠༡ དང་༢༠༡༣ བཅས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཆིབས་བསྒྱུར་འདི་བཞིན་ཐེངས་བཞི་པ་ཆགས་ཡོད་པ་རེད། 

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་བཞུགས་གནས་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐྱང་རྒྱུ་དང་། གསར་འགོད་ལྷན་ཚོགས་བསྐྱངས་ཟིན་མཚམས་ རྒྱལ་སའི་མཐོ་སློབ་ University of Vilnius ནང་ཆིབས་སྒྱུར་བསྐྱང་ནས་དགེ་ལས་སློབ་ཕྲུག་གཙོ་བོར་གྱུར་བའི་མང་ཚོགས་བཅས་ལ། དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་རྣམས་ལ་བཀའ་ལན་སྩལ་གནང་མཛད་རྒྱུ་དང་། 

དེ་རྗེས་བོད་ཀྱི་ས་ཚིགས་ Tibet Square ཞེས་པར་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་རྒྱལ་ཁབ་དེར་རང་བཙན་ཐོབ་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་རྟེན་འབྲེལ་མཚོན་ཆེད་ཤིང་སྣ་འདེབས་འཛུགས་མཛད་རྒྱུ་དང་། ཕྱོགས་མཚུངས་ཡུལ་དེའི་རྩོམ་པ་པོ་གྲགས་ཅན་དང་།  བོད་དོན་སྐོར་དེབ་འགའ་ཤས་བྲིས་མྱོང་མཁན་སྐུ་ཞབས་ཨུར་གྷ་ཨི་ཝ་ནོ་སི་ཀེཌ་ Jurga Ivanauskaite དམ་པ་ཁོང་གིས་ཕྱོགས་སྒྲིག་གནང་བའི་བོད་དོན་པར་རིས་འགྲེམས་སྟོན།  ༼ བོད་ཀྱི་དངོས་ཡོད་གནས་སྟངས་ཕྱོགས་གཞན་ཞིག ༽ Tibet – A Different Reality ཞེས་པ་དེར་ཆིབས་སྒྱུར་བསྐྱང་རྒྱུ།

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུ་མ་ཟད།  དེ་ཉིན་༸གོང་ས་མཆོག་གིས་མང་ཚོགས་ལ།  བདེ་སྐྱིད་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་།  དེ་རྗེས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྗེས་ཕྱི་ཚེས་ ༡༥ ཉིན་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ Riga ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས།།