བོད་རིགས་གཞོན་སྐྱེས་ལ་སྤྱོད་འཇུག་ཆེན་མོའི་བཤད་ལུང་འཕྲོ་སྐྱོང་མཛད་པ།

མདུན་ངོས། / བོད་རིགས་གཞོན་སྐྱེས་ལ་སྤྱོད་འཇུག་ཆེན་མོའི་བཤད་ལུང་འཕྲོ་སྐྱོང་མཛད་པ།

༄༅།། ཕྱི་ལོ་༢༠༡༨ ཟླ་ ༦ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བོད་རིགས་གཞོན་སྐྱེས་གཙོས་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་༩༠༠༠ བརྒལ་བར་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་ཡོད་པ་རེད།

 

དེ་ཡང་ཕོ་བྲང་ནས་ཐེག་ཆེན་ཆོས་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བོད་པ་ཁག་ཅིག་གིས་སྐྱབས་འགྲོའི་སྐོར་ནས་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། དེ་ནས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་སྲོག་ལྡན་དང་སྲོག་མེད་ཀྱི་སྐོར་ལ་རྟགས་གསལ་གཟིགས་འབུལ་ཞུས་རྗེས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པའི།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་འདོན་དང་འབྲེལ་བཀའ་སློབ་སྩལ་དོན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་མཁས་པའི་གཙུག་རྒྱན་ཞུ་ཆོག་པའི་མགོན་པོ་ཀླུ་སྒྲུབ་རྩ་ཆེན་པོ་རེད་ཟེར་བ་ནི། ལོ་རྒྱུས་ནང་རྩ་ཆེན་པོར་བརྩི་བཞིན་འདུག་ཟེར་བ་དེ་ཙམ་མ་ཡིན་པར་ཁོང་གིས་བྲིས་པའི་དབུ་མ་རིགས་ཚོགས་དྲུག་དང་། དེ་བཞིན་རིན་ཆེན་ཕྲེང་བ་བཅས་ལ་ད་ལྟ་ང་ཚོར་བལྟ་རྒྱུ་ཡོད། ཁོང་གི་གཞུང་གི་དེ་ཚོ་ཧ་ཅང་རྩ་ཆེན་པོར་བརྩིས་ནས་དབུ་མ་བཞི་བརྒྱ་བ་དང་། བུདྡྷ་པཱ་ལི་ཏ་ལ་སོགས་པའི་དབུ་མའི་གཞུང་མང་པོ་ཞིག་གིས་ཁུངས་གཏུགས་ནས་འགྲོ་བཞིན་ཡོད། ཀླུ་སྒྲུབ་ཀྱིས་གསུངས་ཡོང་སྐབས།  བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ལ་ཡང༌།། སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་རྩ་བ་ཤེས་རབ་ཀྱི་དབུ་ནས་གཏན་ཚིགས་དང་ཐལ་བ་བཀོད་ནས་འགྲོ་ཡོད། གང་ལྟར་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་རིགས་པ་སྨྲ་བ་ཕུལ་དུ་བྱུང་བ་ཆགས་ཡོད། དེར་བརྟེན་ཁོང་གི་གསུངས་རྣམས་ཧ་ཅང་རྩ་ཆེན་པོ་རེད། ཅེས་དང་།

དེ་ནས་མུ་མཐུད་འདུལ་བའི་གཞུང་དུ། གཙུག་ལག་ཁང་གི་སྒོ་འགྲམ་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རི་མོ་འབྲི་རྒྱུར་སངས་རྒྱས་ཀྱིས་གསུངས་པ་ལྟར་སྲིད་པ་འཁོར་ལོའི་རི་མོ་དང་འབྲེལ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་དང་། སྣང་གནས་མི་མཐུན་པའི་བདེན་གཉིས་ཀྱི་ཁྱད་པར། སྡུག་བསྔལ་གྱི་རྒྱུ་གང་ཡིན་རྩད་བཅད་ནས་སྡུག་བསྔལ་མེད་པར་བཟོ་བ་དང་། གཏན་གྱི་བདེ་བའི་རྒྱུ་གང་ཡིན་ངོ་འཕྲོད་པར་བྱས་ཏེ་དེ་སྒྲུབ་པའི་ཐབས་ལ་འབད་དགོས་པའི་སྐོར་དང་། ཆོགས་ལུགས་ཚང་མར་བྱམས་བརྩེའི་སྒོ་ནས་བཟོད་པ་དང་ཆོག་ཤེས་སྒོམ་སྟངས་སོགས་མཐུན་མོང་དུ་ཡོད་པ། ལྟ་བའི་སྐོར་ནང་པའི་ལྟ་བ་ཐུན་མོང་མ་ཡིན་པ་དང་ཡིན་ལུགས་སོགས་དང་། དེ་སྔ་བོད་ལ་ལ་དྭགས་ཁ་ཆེ་དང་རྒྱ་ཁ་ཆེ་གཉིས་ཡོད་པ་ལས་སྔ་མ་དེ་རྒྱལ་དབང་ལྔ་པའི་སྐབས་སུ་མར་ལྷ་ས་ལ་ཡོང་སྐོར་སོགས་བཀའ་སྩལ་བ་དང་།

ཆུ་ཚོད་༡༠།༠༠ ལ་གསོལ་ཇའི་བར་གསེང་དང་འབྲེལ་སློབ་ཕྲུག་ཁག་ཅིག་གི་དྲི་བར་བཀའ་ལན་སྩལ་བ་དང་།  དེ་ནས་མུ་མཐུད་ནང་ཆོས་སྤྱི་བཤད་གྲུབ་ནས་ཉིན་སྔ་མའི་སྤྱོད་འཇུག་གི་བཤད་ལུང་གི་འཕྲོས་ལེའུ་ལྔ་པའི་ཤེས་བཞིན་སྲུང་བའི་ཚིག་མཚམས།
སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས།།
གོང་ནས་གོང་དུ་ཁྱད་ཞུགས་སྤྱད།།
ཆུང་ངུའི་ཕྱིར་ནི་ཆེ་མི་གཏང་།།
གཙོ་ཆེར་གཞན་གྱི་དོན་བསམ་མོ།།ཞེས་པ་ནས་འཕྲོ་སྐྱོང་གིས་ལེའུ་བརྒྱད་པ་བསམ་གཏན་བསྟན་པ་ལས། 

རང་དབང་སྤྱོད་ཅིང་ཆགས་མེད་ལ།།
གང་དང་ཡང་ནི་འབྲེལ་མེད་པར།།
ཆོག་ཤེས་བདེ་སྤྱོད་གང་ཡིན་པ།།
དབང་པོས་ཀྱང་ནི་དེ་རྙེད་དཀའ།།
དེ་ལ་སོགས་པའི་ རྣམ་པ་ཡིས།།
དབེན་པའི་ཡོན་ཏན་བསམ་བྱས་ནས།།
རྣམ་རྟོག་ཉེ་བར་ཞི་བ་དང་།།
བྱང་ཆུབ་སེམས་ནི་བསྒོམ་པར་བྱ།། ཞེས་པའི་བར་དུ་ལྗགས་ཁྲིད་མཛད་པ་དང་། མཐར་སང་ཉིན་དུས་ཚོད་བྱུང་ན་འཇམ་དབྱངས་དཀར་པའི་རྗེས་གནང་ཞིག་བྱེད་རྒྱུ་ཡིན་ཞེས་བཀའ་ཕེབས་རྗེས་ཆུ་ཚོད་༡༡།༣༠ ཡོལ་ཙམ་ལ་ཉིན་གཉིས་པའི་བཀའ་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།