ཧི་མ་ཅལ་ཨ་བྷེ་ཨ་བྷེ་གསར་ཁང་གི་ལོ་འཁོར་གསུམ་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / ཧི་མ་ཅལ་ཨ་བྷེ་ཨ་བྷེ་གསར་ཁང་གི་ལོ་འཁོར་གསུམ་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་མངའ་སྡེའི་ (Himachal Pradesh) ཀང་ར་ (Kangra) རུ་རྟེན་གཞི་བྱས་པའི་ཧི་མ་ཅལ་ཨ་བྷེ་ཨ་བྷེ་ (himachal.abhiabhi) ཞེས་པའི་གསར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་གསར་ཁང་ཚུགས་ནས་ལོ་ངོ་གསུམ་གྱི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

 

དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་ཨ་བྷེ་ཨ་བྷེ་ (himachal.abhiabhi) ཞེས་པའི་གསར་ཁང་དུ་ཆིབས་བསྒྱུར་སྐབས་སྐུ་ཞབས་བྷ་ལ་རྗེ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་གསར་ཁང་གི་བཅར་འདྲི་ཞུ་ཡུལ་དུ་ཕེབས་ནས་བཅར་འདྲི་ཁག་ཅིག་ལ་བཀའ་ལན་སྩལ་བ་དང་། དེ་ནས་ཧི་མ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ལྷན་རྒྱས་གསོལ་ཇ་བཞེས་ཏོག་གསོལ་ཏེ་འཁྱུག་ཙམ་བཞུགས་རྗེས་མཛད་སྒོར་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། དེང་གི་འཛམ་གླིང་དུ་སེམས་ཁམས་འཁྲུག་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་ཡོད་པ་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ཕན་ཐོགས་བྱེད་ཐུབ་པ་དང་། རྒྱ་གར་རང་གི་ནང་དུ་གནའ་བོའི་ལེགས་བཤད་དེ་དག་བསྐྱར་གསོ་ཡོང་ཐབས་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་མགོན་པོ་གང་ཉིད་མཆོག་གི་མཛད་འཁུར་དམ་བཅའ་བཞི་བའི་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ་བ་དང་། ཆུ་ཚོད་ ༡༡།༣༠ ཙམ་ལ་མཛད་སྒོ་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྒྱུར་ཡོད་པ་བཅས།།