ཝི་ཏི་ནམ་གྱི་ཚོང་པའི་ལས་རིགས་ཀྱི་འགོ་ཁྲིད་དག་ལ་ལམ་སྟོན་བཀའ་སློབ་གནང་བ།

མདུན་ངོས། / ཝི་ཏི་ནམ་གྱི་ཚོང་པའི་ལས་རིགས་ཀྱི་འགོ་ཁྲིད་དག་ལ་ལམ་སྟོན་བཀའ་སློབ་གནང་བ།

༄༅། །ཕྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༢༡ ཉིན་གྱི་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཕོ་བྲང་དུ་རྒྱ་གར་བ་ཁག་ཅིག་ལ་མཇལ་ཁ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པས་རྒྱ་གར་གྱི་གཞོན་སྐྱེས་ཚོས་དེ་ལ་སློབ་སྦྱོང་གིས་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་གོང་སྤེལ་གཏོང་དགོས་པའི་སྐོར་སོགས་བཀའ་སློབ་སྩལ་བ་དང་། དེ་ནས་ཕོ་བྲང་མཇལ་འཕྲད་ཁང་དུ་ཕེབས་ཏེ་ཝི་ཏི་ནམ་གྱི་CEOཚོགས་པས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཝི་ཏི་ནམ་གྱི་དགེ་འདུན་པ་དང་ཚོང་པའི་ལས་རིགས་ཀྱི་འགོ་ཁྲིད་མི་སྣ་ ༨༠ ལྷག ཡིད་དགའ་ཆོས་འཛིན་སྒོམ་སྒྲུབ་བསྟི་གནས་(Tushita Meditation Centre)ཀྱི་མི་ཁག་ཅིག་བཅས་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་མཇལ་འཕྲད་ཁང་དུ་ཆེད་ཕེབས་ཀྱིས་ཐོག་མར་སྐུའི་མཛད་འགན་ཆེན་པོ་གསུམ་ལས་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་སྐྲུན་ཐབས་དང་། ཆོས་ལུགས་མཐུན་འབྲེལ་གྱི་སྐོར་དང་འབྲེལ་ནས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་། དེའི་ཐོག་ལ་མིའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics)གོང་སྤེལ་གཏོང་དགོས་པའི་སྐོར་དང་། འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་ཐུག་ས་བྱམས་བརྩེ་ཡིན་པ་དང་། ཆོས་ལུགས་ཆེ་ཁག་ཚང་མའི་གཞི་རྩའི་བསླབ་བྱ་བྱམས་བརྩེ་ཡིན་པས་མཐུན་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན་ཞེས་དང་། གཞན་ཡང་། བྱམས་བརྩེ་ནི་རང་གིས་དངོས་སུ་ཉམས་སུ་བླངས་ནས་གཞན་ལ་སྤེལ་དགོས་པ་དང་། ཚན་རིག་གི་ལམ་ནས་རྙེད་སོན་བྱུང་བའི་སྒྲུབ་བྱེད་དག་བེད་སྤྱོད་གཏོང་དགོས་ཞེས་སོགས་མགོན་པོ་གང་ཉིད་མཆོག་ནས་བྱམས་བརྩེ་དངོས་སུ་ཉམས་ལེན་གྱིས་གཞན་ལ་འཆད་བཞིན་ཡོད་པ་སོགས་བཀའ་གནང་བ་དང་། 

དེའི་རྗེས་འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པའི་ཆ་ནས་བྱམས་བརྩེ་དང་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་མི་ཚང་མས་སྒྲུབ་ཐུབ་པ་ཞིག་ཡིན་པ་དང་། འཛམ་གླིང་ལ་བྱམས་བརྩེ་ཧ་ཅང་གལ་ཆེན་ཡིན་པ་མགོན་པོ་གང་ཉིད་མཆོག་གི་ལོ་ངོ་དྲུག་ཅུའི་རིང་གི་ཉམས་མྱོང་ལས་འཆད་བཞིན་ཡོད་པ་དང་། བྱམས་བརྩེ་ཡིས་རང་དང་གཞན། སྤྱི་ཚོགས་བཅས་སྐྱིད་པ་མ་ཟད། འབུ་སྲིན་སེམས་ཅན་ལའང་ཕན་པ་ཡོད་སྐོར་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་བཞུགས་སྒར་དུ་ཕེབས་ཡོད་མཁན་རྣམས་དང་། ཝེ་ཏི་ནམ་གྱི་གྲོང་ཁྱེར་Hanoi དང་ Ho Chi Minh གྲོང་ཁྱེར། དེ་བཞིན་ Hai Phong བཅས་ས་ཁུལ་གསུམ་དུ་དྲ་ཐོག་བརྒྱུད་བཀའ་སློབ་ལ་གསན་གཟིགས་གནང་མཁན་ཁྲོད་ནས་བཀའ་འདྲི་ཞུས་རིགས་ལ་བཀའ་ལན་སྩལ་བ་དང་། དེའི་ཁྲོད་གཅིག་གིས་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་ཁེར་རྐྱང་གི་ཚོར་བ་ཆེན་པོ་སླེབས་བཞིན་ཡོད་པ་དང་། དེ་སེལ་ཐབས་སུ་དེང་གི་དུས་སུ་ངོ་དེབ་སོགས་བརྡ་འཕྲིན་བརྒྱུད་ལམ་དག་ལས་དུས་ཚོད་གཏོང་བཞིན་ཡོད་པའི་ཐད་ལ་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་ཁེར་རྐྱང་གི་ཚོར་བ་སེལ་ཐབས་སུ་མི་དང་སེམས་ཅན་དུད་འགྲོ་ལ་བྱམས་བརྩེ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཏུ་སྡོད་མཁན་གྱི་མི་རྣམས་ལས་གྲོང་ཁྱེར་དུ་སྡོད་མཁན་ནང་རང་སྲོག་གཅོད་མཁན་མང་བ་ཡོང་གི་ཡོད་པར་བཤད། དེ་ནི་མི་དང་མི་ཕན་ཚུན་དབར་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཉམས་པ་ལ་བརྟེན་ནས་ཁེར་རྐྱང་གི་བསམ་བློ་སླེབས་པ་ཞིག་རེད། གཞན་ལ་ཕན་ཐོགས་དང་བྱམས་བརྩེ་ཡོད་པ་ཡིན་ན་སོ་སོར་ཕན་ཐོགས་ཡོད་པ་ཧ་ཅང་གསལ་བོ་ཡིན། གྲོང་གསེབ་ཁག་ཏུ་ཞིང་ལས་བྱེད་པ་སོགས་ལས་ཀ་མང་པོ་ཞིག་མཉམ་ལས་དང་རོགས་ཕན་ངང་བྱེད་བཞིན་པ་དང་། དེ་ལས་ཕན་ཚུན་དབར་ལ་མི་དང་མིིའི་འདུ་ཤེས་སླེབས་ཀྱི་ཡོད། གྲོང་གསེབ་པ་ལ་རང་བྱུང་གི་འདུ་ཤེས་མང་བ་ཡོད་པ་དང་། གྲོང་ཁྱེར་དུ་སྡོད་མཁན་ཚོར་མི་དང་མིའི་འདུ་ཤེས་ཧ་ཅང་དཀོན་པས་ཁེར་རྐྱང་གི་ཚོར་བ་ཡོང་གི་ཡོད། ཁེར་རྐྱང་གི་ཚོར་བ་དེ་འགོག་ཆེད་མི་དང་མིའི་འདུ་ཤེས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མི་ཕན་ཚུན་དབར་འབྲེལ་འདྲིས་དང་དཀའ་ངལ་འཕྲད་སྐབས་རོགས་རམ་དང་། ཡིད་ཆེས་ཡོད་ཚེ་ཁེར་རྐྱང་གི་འདུ་ཤེས་བརླག་འགྲོ་གི་རེད། ཅེས་སོགས་བཀའ་འདྲི་ཁག་ལ་བཀའ་ལན་ཟབ་རྒྱས་སྩལ་རྗེས་ཆུ་ཚོད་ ༡༡།༣༠ ཙམ་ལ་ཉིན་དང་པོའི་གནང་སྒོ་མཇུག་ལེགས་པར་གྲུབ་པ་དང་། ཚེེས་ ༢༢ ཉིན་མུ་མཐུད་བཀའ་སློབ་ལམ་སྟོན་དང་འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཅས།།