ཕྱི་རྒྱལ་མི་རིགས་ལ་གསུང་བཤད་དང་དྲི་བར་བཀའ་ལན་སྩལ་བ།

མདུན་ངོས། / ཕྱི་རྒྱལ་མི་རིགས་ལ་གསུང་བཤད་དང་དྲི་བར་བཀའ་ལན་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ཟླ་ ༥ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཨེ་ཤ་ཡ་དང་ནུབ་ཕྱོགས། ཡུ་རོབ་བཅས་སུ་ཡོད་པའི་རྒྱལ་ཁབ་ ༤༥ ལྷག་ནས་ཕེབས་པའི་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་གསུང་བཤད་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༣༠ ཙམ་ལ་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། དེ་ནས་གསུང་བཤད་ལ་གསན་པར་ཕེབས་པའི་མི་རིགས་འདྲ་མིན་གྱི་མི་མང་ཚོ་ཁག་ཚོ་ཁག་བྱས་ཏེ་སྐུ་པར་ལྷན་སྒྲོན་མཛད། སྐུ་པར་ལྷན་སྒྲོན་གྲུབ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་དང་། གསུང་ཆོས་ར་བར་ཞབས་སྟེགས་སུ་བཞུགས་མཚམས་ནམ་རྒྱུན་གསུང་ཆོས་གནང་སྐབས་ཕྱི་རྒྱལ་མི་རིགས་དང་རྒྱ་གར་བ་སོགས་མང་པོ་མཐོང་རྒྱུ་ཡོད་པས་དེ་རིང་ཟུར་དུ་ཅིག་ཐུག་ན་བསམ་པ་ཡིན་ཞེས་སོགས་བཀའ་སློབ་དབུ་འཛུགས་དང་། མགོན་པོ་གང་ཉིད་མཆོག་གི་མཛད་འགན་ཆེན་པོ་གསུམ་གྱི་སྐོར་ལས་བརྩམས་ཏེ། དུས་ཚོད་འདི་ལ་ང་ཚོ་ཞི་བདེར་གནས་ཡོད་ཀྱང་ཡེ་མིན་(Yemen)དང་ཨ་ཧྥེ་རི་ཁ་(Africa)སོགས་ལུང་པ་ཁག་ཅིག་ཏུ་ཕན་ཚུན་གསོད་རེས་བྱེད་པ་སོགས་དམག་འཁྲུག་བྱེད་ཀྱི་ཡོད་པ་དང་། བྱིས་པ་མང་པོ་ལྟོགས་ཤི་ཐེབས་ཏེ་ཧ་ཅང་དཀའ་ངལ་ཆེན་པོའི་ནང་གནས་ཡོད་པའི་སྐོར་དང་། དེ་བཞིན་འཇིག་རྟེན་འདིར་དཀའ་རྙོག་བཟོ་མཁན་འགྲོ་བ་མི་རང་ཉིད་ཡིན་པས་དཀའ་རྙོག་དེ་སེལ་མཁན་ཡང་འགྲོ་བ་མི་རྣམས་ཡིན་དགོས་པ་དང་། འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་སྐོར་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་བ་དང་། 

དེ་ནས་མགོན་པོ་གང་ཉིད་མཆོག་རྒྱ་གར་རྒྱལ་ཁབ་ནང་བཞུགས་སྟེ་ལོ་ངོ་དྲུག་ཅུ་འཁོར་གྲབས་ཡོད་པ་དང་། རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་ལ་འཛམ་གླིང་ཁྱོན་ཡོངས་ནས་མིག་དཔེར་བལྟས་ཏེ་ཆོས་ལུགས་ཕན་ཚུན་འཆམ་མཐུན་ངང་སྡོད་དགོས་པ་སོགས་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་དབུ་འཛུགས་ཀྱིས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཕོ་མོ་དགུ་ཡི་དྲི་བར་རིམ་པར་བཀའ་ལན་སྩལ་བ་དང་། དེའི་ཁྲོད་དེང་གི་དུས་སུ་ཚན་རིག་གི་ནང་དུ་ཚད་རྡུལ་དངོས་ཁམས་རིག་པ་གསར་དུ་དར་བ་ཡིན་ཡང་། རྒྱ་གར་གྱི་རིག་གཞུང་ནང་དུ་གནའ་སྔ་མོ་ནས་ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་ཀྱི་སྒྲོམ་གཞི་དར་ཡོད་པའི་སྐོར་དང་། གཞན་ཡང་། རྒྱ་གར་བ་ཞིག་གིས་ང་ཚོ་རྒྱ་གར་བས་བོད་ལ་རོགས་རམ་ཅི་ལྟར་བྱེད་དགོས་སྐོར་སོགས་བཀའ་འདྲི་ཞུས་པར་དཔལ་ནཱ་ལེནྡྲའི་རིག་གཞུང་ཟབ་མོ་དག་བོད་ཀྱིས་ལོ་ངོ་སྟོང་ཕྲག་རིང་གཅེས་ཉར་གནང་ཡོད་པ་དང་། དེ་ང་ཚོས་རྒྱ་གར་བ་ལ་ཕྱིར་ལེགས་སྐྱེས་སུ་ཕུལ་རྒྱུ་དགའ་བཞིན་སྤྲོ་བཞིན་དང་ལེན་བྱེད་བཞིན་ཡོད། ཁྱེད་རང་ཚོ་རྒྱ་གར་བ་ཚོས་ཀྱང་དེ་ལ་དོ་སྣང་བྱེད་དགོས་པ་དང་། དེང་གི་འཛམ་གླིང་ལ་སེམས་ཁམས་ཀྱི་དཀའ་ངལ་སོགས་རྙོག་དྲ་མང་པོ་ཡོད་པས་ང་ཚོའི་ལེགས་སྐྱེས་འདིས་འཛམ་གླིང་ལའང་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡིན། ཞེས་དང་། དེ་ནས་མགོན་པོ་གང་ཉིད་མཆོག་ཚན་རིག་དང་ཐོག་མར་འབྲེལ་བ་ཇི་ལྟར་བྱུང་བའི་སྐོར།  ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གལ་ཆེན་ཡིན་པའི་སྐོར་སོགས་བཀའ་སློབ་སྩལ་རྗེས་ཉིན་གུང་ཆུ་ཚོད་ ༡༡། ༣༠ ནས་མཛད་རིམ་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱར་བསྐྱངས་ཡོད་པ་བཅས།།