ར་ཤི་ཡའི་ཚན་རིག་མཁས་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་མཇུག་ལེགས་པར་གྲུབ་པ།

མདུན་ངོས། / ར་ཤི་ཡའི་ཚན་རིག་མཁས་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་མཇུག་ལེགས་པར་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༤ ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Kenneth Juster མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་ནས་ཆུ་ཚོད་༩།༢༠ ཙམ་ལ་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་ར་ཤི་ཡའི་ཚན་རིག་མཁས་དབང་རྣམས་དང་ནང་པའི་མཁས་དབང་དབར་གྱི་འཇིག་རྟེན་ཁམས་ལ་དཔྱད་པ་ཞེས་པའི་བགྲོ་གླེང་ཉིན་གཉིས་པར་དབུ་བཞུགས་མཛད་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལ་རིན་པོ་ཆེས་འཚམས་འདྲི་དང་བཅས་ཏེ་བགྲོ་གླེང་གསུང་བཤད་པ་མཚམས་སྦྱོར་གནང་བ་དང་། དེ་རྗེས་བོད་ཀྱི་སྨན་རྩིས་ཁང་གི་རྣམ་གྲོལ་ལྷ་མོ་ལགས་ནས་འབྱུང་བ་ལྔ་དང་། ལུས་ཀྱི་གྲུབ་ཚུལ། གནས་པ་རྩ་དང་། གཡོ་བ་རླུང་གི་རྣམ་གཞག ནད་རིགས་ལས་རླུང་མཁྲིས་བད་ཀན་གསུམ་དང་། ཚ་གྲང་གི་ནད་དང་དེ་དག་ལས་གྲོལ་ཚུལ་བཅས་དང་། མངལ་དུ་བདུན་ཕྲག་ཉེར་ལྔ་གོང་ལ་རྣམ་ཤེས་ཞུགས་རྒྱུ་དང་། བདུན་ཕྲག་ཉེར་དྲུག་གི་སྐབས་སུ་རྣམ་ཤེས་ཞུགས་ནས་སྐྱེ་བ་སྔོན་མའི་བག་ཆགས་ཇེ་གསལ་དང་དྲན་པ་དང་། སྐྱེས་ནས་ལོ་ཤས་རྗེས་ཚེ་འདི་དང་འབྲེལ་བའི་བྱ་སྤྱོད་གཙོ་བོར་མངོན་དུ་གྱུར་པས་སྐྱེ་བ་སྔོན་མའི་གནས་ཚུལ་རིམ་བཞིན་མི་གསལ་བར་གྱུར་ཚུལ་སོགས་སྨན་གཞུང་དང་འབྲེལ་ནས་གསུང་བཤད་གནང་བ་དང་། དེ་དང་འབྲེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ན་ཆུང་དུས་ཀྱི་རྣམ་ཐར་སྐོར་བཀའ་ཕེབས་པ་དང་། ཚོགས་བཅར་བའི་ཁྲོད་དྲི་བ་ཁག་ཅིག་ཞུས་རྗེས་གསོལ་ཇའི་བར་གསེང་བཏང་། 

བར་གསེང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པ་དང་འབྲེལ་ནང་པའི་ཚན་རིག་དང་། ནང་ཆོས་གཉིས་ལས་ནང་ཆོས་ནི་ནང་པ་ཁོ་ནས་བྱ་རྒྱུ་ཞིག་དང་། ནང་ཆོས་ཀྱི་གཞུང་ནས་གསུངས་པའི་ཚན་རིག་ནི་ཀུན་ལ་ཁྱབ་པ་ཞིག་དང་། ཀུན་ལ་ཕན་པ་ཞིག་ཡིན། ཞེས་དང་། འགྲོ་བའི་ཁམས་མོས་དང་བསྟུན་ནས་ཆོས་ལུགས་རྣམས་དར་འཕེལ་བྱུང་བ་ཡིན་པས་སྨན་བཞིན་འདི་ལེགས་དང་འདི་ཉེས་ཞེས་འཇོག་རྒྱུ་མེད། ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བའི་ཁྱད་པར་ཆེ་ཡང་འགྲོ་བ་རྣམས་ལ་དགོས་མཁོ་དང་ཕན་ཐོགས་ཡོད། ཅེས་སོགས་ཆོས་ལུགས་ཚང་མས་འགྲོ་བ་མི་རྣམས་ཀྱི་ཁམས་དང་མོས་པ་བཞིན་ཕན་ཐོགས་བྱེད་ཀྱི་ཡོད་པའི་སྐོར་བཀའ་གནང་བ་དང་། དེ་མཚུངས་དཔྱད་པ་བྱེད་སྐབས་ཚད་མ་རིག་པ་ཧ་ཅང་གལ་ཆེ་བ་དང་། དེང་དུས་ཀྱི་འཕྲུལ་རིག་མགོ་རྙོག་ཆེ་ཡང་མིའི་ཀླད་པའི་གནས་སྟངས་དེ་ལས་ཀྱང་མགོ་རྙོག་ཆེ་བ་ཡིན་པ་དང་། འཕྲུལ་རིག་གི་ཐོག་ནས་དཀའ་ངལ་ཚང་མ་སེལ་མི་ཐུབ་པས་དེ་ཉིད་མིའི་རྣམ་དཔྱོད་དང་མཉམ་ལས་ཀྱི་ཐོག་ནས་སྐྱེ་འགྲོར་བདེ་སྐྱིད་བསྐྲུན་དགོས། ཞེས་སོགས་འཛམ་གླིང་གི་བདེ་དོན་ཆེན་མི་ཚང་མས་ནུས་ཤུགས་འདོན་དགོས་པའི་སྐོར་ལ་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། འཛམ་གླིང་ཐོག་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རྣམས་རིགས་རྫས་མི་འདྲ་བ་རེ་ཡོད་ཀྱང་ཚང་མར་བདེ་སྐྱིད་ཀྱི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན་པ་དང་། ལུས་ཀྱི་བད་ེསྡུག་ལས་སེམས་ཀྱི་བདེ་སྡུག་གཙོ་ཆེ་བ་ཡིན་པས་སེམས་ལ་ཞི་བདེ་ཡོད་ན་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་ཡིན། ཁོང་ཁྲོ། ཕྲག་དོག་སོགས་ཀྱིས་ལུས་སེམས་ཀྱི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་སོགས་བཀའ་སྩལ་བ་དང་། དེ་ནས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་གསུམ་ལས་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་སྐོར་ལ་འབད་བརྩོན་གནང་བཞིན་པའི་སྐོར་བཀའ་སྩལ་བ་དང་། འཛམ་གླིང་གི་དམག་འཁྲུག་སོགས་ཀྱི་དཀའ་རྙོག་རྣམས་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཡིན་པས་དེ་ཉིད་འགྲོ་བ་མི་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་སེལ་དགོས་པ་དང་། སེམས་ཀྱི་བདེ་སྐྱིད་དང་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་སོགས་ཧ་ཅང་གལ་ཆེ་པོ་ཡིན་པས་དེའི་སྐོར་ལ་འབད་བརྩོན་བྱེད་དགོས་པ་དང་། ད་ལྟའི་ཤེས་ཡོན་ལམ་ལུགས་ནང་སྤྱོད་བཟང་གིས་ལྡང་གི་མེད་པས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་ཤེས་ཡོན་གལ་ཆེན་པོ་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་གིས་དེའི་ཐོག་མཛད་འཕྲིན་སྐྱོང་བཞིན་པ་སོགས་བཀའ་སྩལ། 

མཐར་ངོས་ཀྱིས་མི་ལ་སྙིང་རྗེ་དགོས་ཀྱི་རེད་ཅེས་བརྗོད་ཚེ་ཏཱ་ལའི་བླ་མ་ནང་ཆོས་ཉམས་ལེན་པ་ཞིག་ཡིན་པས་ནམ་རྒྱུན་དེ་ལྟར་བཤད་སྡོད་ཀྱི་རེད་ཟེར་བ་དང་། ཁྱོད་རང་ཚོ་ཚན་རིག་པས་བཤད་པ་ཡིན་ན་དེ་ག་རེ་ཡིན་ན་བསམ་ནས་དོ་སྣང་བྱེད་ཀྱི་རེད། དེར་བརྟེན། ཁྱོད་རང་ཚོ་ལ་མི་གཞན་པ་ལས་ནུས་པ་ཆེ་བ་ཡོད་པ་རེད། ནང་གི་བདེ་སྐྱིད་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཤེས་ཡོན་གྱིས་ལྡང་གི་མེད་པ་བཅས་ཀྱི་སྐོར་བཤད་པ་ཡིན་ན་ནུས་པ་ཆེ་བ་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས།  འདི་ལྟ་བུའི་ཚོགས་འདུ་མུ་མཐུད་ནས་འཚོག་ཐུབ་རྒྱུ་རེད་བསམ་གྱི་འདུག གལ་སྲིད་བྱུང་བ་ཡིན་ན་ཉིན་གཅིག་ཁྱོད་རང་ཚོའི་རྒྱལ་ས་མའོ་སི་ཁོ་ལ་འཚོག་རྒྱུ་ཡིན། ཞེས་བཀའ་སྩལ་བ་དང་ཚན་རིག་པ་རྣམ་པས་དགའ་བསུ་དང་བཅས་ཉིན་གཉིས་རིང་གི་བགྲོ་གླེང་ལེགས་པར་གྲོལ་ཡོད་པ་རེད། 

དེ་ཡང་ར་ཤི་ཡའི་ཚན་རིག་མཁས་དབང་རྣམས་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཐེངས་གཉིས་པ་འདི་བཞིན་བོད་ཀྱི་དོན་གཅོད་དང་བོད་སྐྱོབ་ཐེབས་ཁང་། ཏཱ་ལའི་བླ་མའི་དགེ་རྩ་བཅས་ཐུན་མོང་ནས་གོ་སྒྲིག་གནང་བ་དང་། ལོ་མོ་ནོ་སོ་ཝ་མོ་སོ་ཀོ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་རྣམ་ཤེས་བརྟག་པའི་སྡེ་ཚན་དང་། ར་ཤི་ཡའི་ཚན་རིག་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་གཉེར་ཁང་གཉིས་ཀྱིས་རྒྱབ་གཉེར་གནང་བ་ཞིག་ཡིན་པ་རེད།