ར་ཤི་ཡའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཐེངས་ ༢ པ་དབུ་འཛུགས་མཛད་པ།

མདུན་ངོས། / ར་ཤི་ཡའི་ཚན་རིག་མཁས་དབང་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཐེངས་ ༢ པ་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ ནས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ར་ཤི་ཡའི་ཚན་རིག་པ་མཁས་དབང་རྣམས་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཐེངས་གཉིས་པ་འཇིག་རྟེན་གྱི་ཁམས་པ་དཔྱད་པ་ཞེས་པ་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་ཚན་རིག་པ་རྣམས་ལ་འཚམ་འདྲི་ཞུས་པ་དང་། དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་ལས་རིམ་ངོ་སྤྲོད་མཛད་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། 

ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་རེད། དེང་འཛམ་གླིང་ནང་བྱམས་པ་དང་དྲང་བདེན་གྱིས་ཕོངས་ནས་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད། ཚན་རིག་པ་ཁག་གཅིག་གིས་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་བཞིན་ཡོད་ཀྱང་རྙོག་དྲ་མང་པོ་ཞིག་ང་ཚོ་མིས་བཟོས་པ་ཆགས་ཡོད།  འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མ་གཅིག་གིས་གཅིག་ལ་བརྟེན་ནས་གནས་ཡོད། ང་ཚོ་འདིར་ཞི་བདེ་བག་ཕེབས་ངང་གནས་བཞིན་ཡོད་ཀྱང་དུས་མཚུངས་འཛམ་གླིང་ས་ཕྱོགས་གཞན་དང་གཞན་ཏེ་དཔེར་ན། ཡེ་མེན་ (Yemen) དང་། སི་རི་ཡ་ (Syria) དེ་བཞིན་ཨ་ཕི་རི་ཀ་གླིང་ཆེན་སོགས་ཀྱི་ནང་ཕན་ཚུན་གསོད་རེས་དང་། བྱིས་པ་ཆུང་ངུ་གཙོ་བོར་གྱུར་པའི་མུ་གེ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གི་འདས་གྲོངས་སུ་གྱུར་བཞིན་ཡོད། ལྷག་པར་ཆོས་ཀྱི་མིང་ཐོག་ནས་མི་ཕན་ཚུན་གསོད་རེས་གཏོང་བཞིན་པ་འདི་ཧ་ཅང་ཐབས་སྡུག་རེད།
 ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་དང་རིས་སུ་བཅད་པར་བརྟེན་དམག་འཁྲུག་སོགས་ཀྱིས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད།  དེར་བརྟེན་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་སྐོར་གོ་རྟོགས་དང་དེའི་སྐོར་ཤེས་ཡོན་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཁྲ་ཁྲ་ཟིང་ཟིང་དེ་དག་ལས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་སོགས་ཀྱིས་ཕོངས་བཞིན་ཡོད།  ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་དུས་རྟག་ཏུ་ཞེ་སྡང་ང་རྒྱལ་དང་འཇིགས་སྣང་འོག་གནས་པ་ཡིན་ན་ལུས་པོའི་ནང་ནད་སྔོན་འགོག་བྱེད་མཁན་ལུས་ཟུངས་མ་ལག་ (immune systems) ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་རྒུད་འགྲོ་བ་དང་།  ནད་ན་ཚ་ཕོག་སླ་པོ་ཆགས་ཀྱི་ཡོད་པ་ཤོད་ཀྱི་འདུག  དེ་ལས་ལྡོག་སྟེ་གལ་ཏེ་གཞན་ལ་བྱམས་བརྩེ་སྤེལ་བ་ཡིན་ན་སྙིང་སྟོབས་འཕེལ་ཞིང་སེམས་ནང་ཞི་བདེ་སླེབ་རྒྱུ་དང་། དེར་བརྟེན་ལུས་པོའི་འཕྲོད་བསྟེན་ཡང་བདེ་ཐང་ཡོང་ཐུབ་བཞིན་ཡོད།  ང་ཚོས་འཕྲོད་བསྟེན་བྱས་པ་ལྟར་བསམ་བློར་ཡང་འཕྲོད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ངོས་ཀྱིས་ལོ་ངོ་ ༣༠ ལྷག་རིང་དེང་དུས་ཀྱི་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེང་སྐབས་ཚན་རིག་པ་ཚོས་འཇིག་རྟེན་ཁམས་ཀྱི་རིག་པ་ (Cosmology) དང་། གས་ཐོར་ཆེན་པོའི་ལྟ་གྲུབ་ (Big Bang Theory) སོགས་ནི་ང་ཚོ་ནང་པའི་གཞུང་ནས་ཀྱང་གསུང་ཡོད། དེ་བཞིན་དབང་རྩ་དང་། ཀླད་པ་དང་བློའི་བྱེད་ལས་ཀྱི་རྣམ་གཞག  ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ (Quantum Physics) རྣམས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སོགས་ནང་པའི་གཞུང་ནང་གསུང་ཡོད།   བློའི་རྣམ་གཞག་དང་འབྲེལ་བའི་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་གི་ཚད་མཐོན་པོར་སོན་ཡོད།

ལོ་ངོ་སུམ་ཅུ་ལྷག་གི་རིང་དེང་གི་ཚན་རིག་པ་དང་ལྷན་འཇིག་རྟེན་ཆགས་འཇིག་གི་སྐོར་དང་། ཚད་རྡུལ་དངོས་ཁམས་རིག་པ། དབང་རྩའི་ཚན་རིག སེམས་མཁན་རིག་པ་བཅས་སྡེ་ཚན་བཞིའི་སྐོར་གོ་བསྡུར་བྱས་པ་ཡིན། རྒྱ་གར་རྡུལ་ཕྲན་དངོས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རཱ་ཇཱ་རཱ་མ་ན་ (Raja Ramana) ལགས་ཞུ་བ་ཁོང་གིས། ཐེངས་ཤིག་ངོས་ལ་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ནི་ནུབ་ཕྱོགས་སུ་དེང་སྐབས་རྣམ་གཞག་གསར་པ་ལྟ་བུར་བརྩི་བཞིན་ཡོད་ཀྱང་རྒྱ་གར་ནང་ལོ་ངོ་སྟོང་གི་གོང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུང་ཟིན་སྐོར་བརྗོད་བྱུང་། ཞེས་བཀའ་སློབ་སྩལ།

གཞན་ཡང་། ༸གོང་ས་མཆོག་གིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ (Tuva) དང་བྷུར་ཡ་ཏི། (Buryat) ཁལ་མུག་ (Kalmykia) བཅས་ནང་པའི་རྒྱལ་ཁབ་དེ་དག་ནས་དེ་སྔ་ནང་པའི་མཁས་དབང་ཧ་ཅང་མང་པོ་ཐོན་ཡོད་པ་དང་། ཕྱིས་སུ་རུ་སུའི་ནང་དམར་ཤོག་ཤུགས་ཆེ་དར་སྲོལ་བྱུང་རྗེས་ཡུལ་གྲུ་དེ་དག་ནང་དུའང་ནང་ཆོས་ཕྲན་བུ་ཉམས་ཆག་ཕྱིན་ཡོད་སྐོར་དང་། ༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་ནས་བཟུང་ཨུ་རུ་སུ་དང་བོད་དབར་འབྲེལ་བ་བྱུང་ཚུལ་སྐོར། དེ་བཞིན་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་དང་། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་སོགས་ལ་བཀའ་སློབ་སྩལ་བ་དང་།  དེ་རྗེས་ཚན་རིག་པ་རེས་མོས་བཞིན་ཤེས་པ་དང་རིགས་རྫས་སོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཆུ་ཚོད་༡༢།༠༠ ལ་ཉིན་དང་པོའི་བགྲོ་གླེང་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་བགྲོ་གླེང་འདི་བཞིན་ར་ཤི་ཡའི་བོད་ཀྱི་དོན་གཅོད་ཁང་དང་བོད་སྐྱོབ་ཐེབས་རྩ་ཁང་། ཏཱ་ལའི་བླ་མའི་དགེ་རྩ་བཅས་ཐུན་མོང་ནས་གོ་སྒྲིག་གནང་ཡོད་པ་དང་། བགྲོ་གླེང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ར་ཤི་ཡ་ནས་ཚན་རིག་མཁས་དབང་དང་ཐེངས་འདིའི་ཉིན་གཉིས་རིང་གི་བགྲོ་གླེང་གཙོ་སྐྱོང་བ་མཁས་དབང་ Konstantin V. Anokhin,ལགས་དང་། ར་ཤི་ཡའི་ཚན་རིག་ལྟེ་གནས་ཁང་གི་ཚོགས་མི་མཁས་དབང་ Pavel M. Balaban,ལགས། ལྟ་གྲུབ་ཚན་རིག་པ་མཁས་དབང་ David L. Dubrovsky, ལགས། ཚན་རིག་མཁས་དབང་ Prof. Alexander Ya. Kaplan ལགས། ལྟ་གྲུབ་ཚན་རིག་པ་མཁས་དབང་ Victoria Lysenko ལགས།  ར་ཤི་ཡའི་ཚན་རིག་ལྟེ་གནས་ཁང་གི་མཁས་དབང་ Prof. svyatoslav V. Medvedev ལགས། མཁས་དབང་ Prof Evgeny I. Rogaev  དང་Andrey A. Terentyev ལགས།  Dr. Dmitry B. Volkov, དང་ར་ཤི་ཡའི་ཚན་རིག་ལྟེ་གནས་ཁང་གི་མཁས་དབང་ Nick K. Yankovsky བཅས་སོགས་མི་གྲངས་ ༢༦ དང་། མཚན་ཉིད་གྲྭ་ཚང་དང་ས་ར་མཐོ་སློབ་ནས་མི་གྲངས་ ༡༧ དང་། སྨན་རྩིས་ཁང་ནས་མི་གྲངས་ ༢༥ བོད་ཁྱིམ་སློབ་གྲྭ་ནས་མི་གྲངས་ ༥༠ གཏོང་ལེན་སློབ་གྲྭ་ནས་མི་གྲངས་ ༣ དང་།  ཧི་མ་ཅལ་མངའ་ལྡེའི་མཐོ་སློབ་ནས་མི་གྲངས་ ༢  གཞན་ཡང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་དགེ་འདུན་པ་ཁག་ཅིག་སོགས་བགྲོ་གླེང་ལ་ཟུར་ཞུགས་གནང་ཡོད་པ་བཅས།།