བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། 

མདུན་ངོས། / བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་ཐོགས་དང་བཀའ་བློན་ཟུར་པ། དེ་བཞིན་དྲུང་ཆེ་ཟུར་པ་དང་དྲུང་འཕར་ཟུར་པ། ཟུང་དྲུང་ཟུར་པ། དེ་བཞིན་གནས་རིམ་འདྲ་མིན་གྱི་ལས་བྱེད་ཟུར་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་མ་ཟད། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་གོ་སྒྲིག་ཞུས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་གནས་སྟངས་ལོ་རྒྱུས་སུ་མ་གྲགས་པའི་ཛ་གལ་གཉན་འཕྲང་སྐུ་ངལ་ཆེ་བའི་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་འོག་སྐབས་བབས་བགོ་སྐལ་དུ་གྱུར་བའི་གཞུང་མང་ཞབས་འདེགས་ཞུས་པར་ལེགས་སྐྱེས་རྗེས་དྲན་རེ་གནང་བ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་སྩལ་དོན།  ཁྱོད་རང་ཚོས་བོད་ཀྱི་ལོ་རྒྱུས་ནང་དངོས་གནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་གནས་དང་མ་གནས་ཀྱི་དུས་ཚོད་ལ་མི་ཚེ་བསྐྱལ་བ་རེད། བོད་བསྟན་སྲིད་ཀྱི་ཞབས་འདེགས་བསྒྲུབ་པ་ལ་ང་ཚོའི་མི་རབས་འདིས་གང་ལ་གང་འཚམ་བྱས་ཡོད་པ་རེད། ངོས་ནས་རྒྱུན་དུ་བཤད་བཞིན་ཡོད། བོད་ཀྱི་བདེན་དོན་འདི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། དེང་སང་བོད་ཀྱི་བདེན་དོན་ལ་འཛམ་གླིང་གི་ཤེས་ཡོན་ཅན་མང་པོས་དོ་སྣང་བྱེད་པ་དང་། མདོར་ན་ཚན་རིག་པ་མང་པོས་དོ་སྣང་བྱེད་བཞིན་ཡོད། 

བོད་ཀྱི་ཆོས་རྒྱལ་གོང་མ་ཚོའི་བཀའ་དྲིན་དང་། གཙོ་བོ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀཱ་མ་ལ་ཤི་ལ་སོགས་ཀྱིས་ང་ཚོ་ལ་དཔལ་ནཱ་ལེནྡྲའི་ཤེས་ཡོན་གཏིང་ཟབ་པོ་དེ་ང་ཚོ་བོད་པ་ལ་རྩིས་སྤྲོད་གནང་བ་ལྟ་བུ་རེད། ཞི་འཚོ་ཡབ་སྲས་ཀྱིས་ང་ཚོར་རྩིས་སྤྲོད་གནང་ཡོད་པ་དེ་ལ་ང་ཚོས་ཀྱང་བདག་པོ་ཧ་ཅང་ཡག་པོ་བརྒྱབ་ཡོད་པ་རེད། བོད་མི་རིགས་ཀྱི་རིག་གཞུང་ཟེར་དུས་དེང་སང་འཛམ་གླིང་འདིར་ཚན་རིག་པ་མང་པོ་ཞིག་གིས་སེམས་ཁམས་རིག་པའི་སྐོར་ལ་རེ་བ་རྒྱག་ས་ཞིག་ཆགས་བསྡད་འདུག  བོད་ཀྱི་བདེ་དོན་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཆགས་ཡོད་པ་རེད། ང་རང་ཚོས་བོད་བསྟན་སྲིད་ཀྱི་ཞབས་འདེགས་བསྒྲུབ་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་པ་ཆགས་ཡོད། དེར་བརྟེན། ང་རང་ཚོ་ཚང་མས་ཚོགས་བསགས་ཡོད་པ་རེད། མཁྱེན་སོང་ངམ། གཉིས་ནས་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད་ཅེས་ཡོངས་གྲགས་ཀྱིས་བཤད་ཀྱི་ཡོད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ཕལ་ཆེར་འཕགས་པ་སྤྱན་རས་གཟིགས་ཀྱིས་སྐུ་ཡི་རྣམ་སྤྲུལ་སྣ་ཚོགས་ཀྱི་ཐོག་ནས་བོད་ཀྱི་བསྟན་སྲིད་ཀྱི་འཕྲིན་ལས་བསྐྱངས་པ་ཧ་ཅང་གསལ་པོ་རེད། དེར་བརྟེན། སོ་སོའི་མི་ཚེ་གང་བོ་བོད་སྤྱི་བའི་དོན་དུ་བཏང་ནས་དཀའ་ལས་བརྒྱབ་པ་དེ་ནི་སོ་སོའི་བྱིན་རླབས་ཟེར་ནའང་རེད། ལས་ཀྱི་འབྲེལ་བ་ཟེར་ནའང་རེད། དེ་ལྟ་བུའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཆགས་ཡོད་པ་རེད། ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་རྒྱུ་ནི་ངོས་ཀྱིས་ཐག་བཅད་ནས་བཤད་ཐུབ་ཀྱི་རེད། མཁྱེན་སོང་ངམ། 

གང་ལྟར་མི་ཚེ་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུང་ཞིང་། བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སོ་སོས་ཧུར་ཐག་འབད་ཐག་གིས་དཀའ་ལས་བརྒྱབ་པ་དེ་ཡི་ལས་ཀྱི་འབྲས་བུ་ནི་ཚེ་རབས་ནས་ཚེ་རབས་སུ་སྡོད་ཐུབ་པ་ནི་ངོས་རང་གིས་ཀྱང་དེ་ལྟར་དྲན་གྱི་ཡོད། འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། མི་མང་པོ་ཞིག་གིས་ངོས་རང་སྤྱན་རས་གཟུགས་སྐུ་ཤ་རློན་པ་རེད་ཟེར་གྱི་ཡོད་པ་རེད། དེ་གང་ཤེས། བོད་པ་ཚོས་ངོས་ལ་སྤྱན་རས་གཟིགས་རེད་ཟེར་གྱི་ཡོད་པ་དང་། ལྷག་པར་དུ་བོད་ནས་ཡོང་མཁན་ཚོས་༸རྒྱལ་བ་རིན་པོ་ཆེ་ཟེར་དུས་སྤྱན་རས་གཟིགས་ལ་བརྩི་བ་རེད། སྔོན་མ་མོན་གྷོ་ཊི་ལ་གཞིས་ཆགས་ཐོག་མ་ཚུགས་པའི་སྐབས་སུ་བལ་ཡུལ་གྱི་གྲོང་གསེབ་འཐབ་འཁོབ་ཏུ་ཡོད་ཚོ་རྒྱ་གར་དུ་འབྱོར་ནས་མོན་གྷོར་ཕྱིན་པ་ཚོས་ངོས་རང་གཞིས་ཆགས་ལ་སླེབས་སྐབས། གྲོང་གསེབ་པ་ཁ་ཤས་ཀྱིས་ཨོ་ཙི་སྤྱན་རས་གཟིགས་ཞབས་ཐང་ལ་ཕེབས་ཀྱི་འདུག་ཅེས་བཤད་པ་རེད། སྤྱན་རས་གཟིགས་ཟེར་དུས་མཆོད་བཤམས་ནང་ལ་སྦུག་སྦུག་བྱས་ཏེ་བཞུགས་དགོས་པ་ཞིག་ལ་བསམ་བློ་འཁོར་སྡོད་ཀྱི་ཡོད་པ་རེད།  སྤྱན་རས་གཟིགས་ཡིན་མིན་གང་ཤེས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། 

དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ལྷག་པར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་ངོས་རང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཡོང་གི་འདུག ངོས་རང་མཚོ་པདྨར་སོང་བའི་སྐབས་ཤིག་ལ་སློབ་དཔོན་རིན་པོ་ཆེ་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁན་ཆེན་བོ་དྷི་སྭ་ཏྭ་བཅས་མཁན་སློབ་ཆོས་གསུམ་ལ་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་དུས་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་བྱུང་། ངོས་རང་ལ་དེ་དུས་མིག་ཆུ་མང་པོ་ཤོར་སོང་། དེའི་རྗེས་ལ་ཕལ་ཆེར་ཟམ་གདོང་རིན་པོ་ཆེ་ཡང་ཡོད། སྲིད་སྐྱོང་དང་ཚོགས་གཙོ་ཡང་ཡོད། ང་ཚོར་སྐད་ཆ་བྱུང་། ངོས་དང་མཁན་སློབ་ཆོས་གསུམ་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཚོར་གྱི་འདུག དེར་བརྟེན་ངོས་དང་མཉམ་དུ་ལས་ཀ་བྱེད་མཁན་ཚོ་ཡང་མཁན་སློབ་ཆོས་གསུམ་ལ་འབྲེལ་བ་ཡོད་པ་ཕལ་ཆེར་ཆགས་ཡོད་པ་རེད།  ཁྱོད་རང་ཚོ་ཚང་མ་མི་ཚེ་གཅིག་གི་གནས་ཚུལ་མ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཁན་སློབ་ཆོས་གསུམ་ཡོད་དུས་ནས་ལས་ཀྱི་འབྲེལ་བ་ཡོད་པ་ཆགས་བསྡད་ཡོད་པ་རེད་ཅེས་དེ་དུས་ཞུ་རྒྱུ་བྱུང་། 

དེ་རིང་འདིར་ཁྱོད་རང་ཚོ་ལའང་བཤད་འདོད་བྱུང་། ངོས་དང་མཉམ་དུ་བོད་སྤྱི་བའི་དོན་དུ་དཀའ་ལས་བརྒྱབ་ནས་བོད་མི་རིགས་ཆགས་འཇིག་གི་དུས་ཡུན་འདིའི་རིང་ལ་དཀའ་ལས་མཉམ་དུ་བརྒྱབ་པ་ཚོ་མཁན་སློབ་ཆོས་གསུམ་གྱི་སྐབས་ནས་འབྲེལ་བ་ཡོད་པ་ཞིག་དང་། དེ་སྔ་ནས་འབྲེལ་བ་བྱུང་བ་རེད་ལ་མ་འོངས་པ་ལ་ཡིན་ནའང་ཚེ་རབས་ནས་ཚེ་རབས་སུ་ཁྱོད་རང་ཚོའི་མང་ཆེ་བ་མ་འོངས་པའི་སྐྱེ་བ་དེ་ཕལ་ཆེར་བོད་ལ་སྐྱེ་སྲིད། ང་ཚོ་མཉམ་དུ་ཐུག་ནས་སྡུག་སྐད་ཀྱང་རྒྱག་བཞིན་རྒྱག་བཞིན་མི་ཚེ་བསྐྱལ་བ་རེད། མ་འོངས་པ་ལ་ཡང་འདི་ལྟར་འགྲོ་གི་རེད། ཅེས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། གང་ལྟར་བོད་ཀྱི་དོན་དག་ནི་ཕྱོགས་གཅིག་ནས་བདེན་པའི་དོན་དག་རེད། དངོས་ཡོད་གནས་ཚུལ་ལ་ང་ཚོས་རང་བཙན་ཞེས་ཁ་བྲལ་ལ་འགྲོ་བའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། ཕྱི་ལོ་ ༡༩༧༤ ནས་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་དགོས་པ་རེད། དེར་བརྟེན། ང་ཚོས་རང་བཙན་བཤད་པ་ཡིན་ན་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་ཐུབ་པ་ཡོང་གི་མ་རེད་ཅེས་རིམ་བཞིན་ཡོང་བ་རེད། སྐབས་དེ་དུས་ནས་ངོས་རང་གིས་ང་ཚོར་དགོས་པ་ནི་བདེ་སྐྱིད་ཡིན་ཞེས་བདེ་སྐྱིད་བདེ་སྐྱིད་ཟེར་བ་ཞིག་བཤད་བསྡད་ཡོད་པ་རེད། དེ་ནས་མར་ག་ལེར་གསལ་རུ་ཕྱིན་ནས་དབུ་མའི་ལམ་ཟེར་ནས་ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་མིན་པ་དང་། རྒྱ་མའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རང་བཙན་གྱི་རྨང་གཞི་རེད་བསམ་པའི་ཐོག་ནས་དམ་དྲག་བྱེད་པ་དེ་ཡང་མེད་པར་ང་རང་ཚོའི་ཆོས་དང་རིག་གཞུང་ལ་ང་ཚོས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་རྒྱུ་དང་། དེ་ནས་ཁོར་ཡུག་ལ་ཡག་པོ་ཞིག་བདག་པོ་རྒྱག་ཐུབ་པ་དང་། དེ་ནས་ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལོགས་ནས་བསྡད་ནས་བྱེད་རྒྱུ་ཞིག་ལ་དེ་ལྟར་བསམ་བློ་བཏང་ནས་རྒྱ་མི་རིགས་མང་པོ་ཞིག་གནས་ཚུལ་ཤེས་མཁན་ཚོས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག།  ལོ་ཁ་ཤས་གོང་ལ་རྒྱ་ཡིག་གི་རྩོམ་ཡིག་ང་ཚོས་དོ་སྣང་བྱུང་བ་ཕལ་ཆེར་སྟོང་ཕྲག་གཅིག་བྱུང་འདུག་པ་དང་འབྲི་མཁན་ཚང་མ་རྒྱ་རིགས་རེད།  རྩོམ་ཡིག་སྟོང་ཕྲག་གཅིག་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་བསྡད་པ་ཞིག་དང་། རྒྱ་ནག་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་ཐོག་ལ་སྐྱོན་བརྗོད་བྱེད་མཁན་རེད། དེ་ལྟར་ཧ་ཅང་གསལ་བོ་བྱུང་སོང་། 

དེ་རིང་ཁ་སང་ཡིན་ནའང་རེད། ངོས་རང་གི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ནའང་ཨ་མི་རི་ཀ་དང་ཨོ་སི་ཁྲི་ལི་ཡ། ཉི་ཧོང་སོགས་སུ་རྒྱ་རིགས་སློབ་ཕྲུག་ལ་ཐུག་ནས་སྐད་ཆ་བཤད་སྐབས་དང་པོ་ཐག་རིང་པོ་བྱས་ནས་སྡོད་པ་དང་། ང་ཚོས་རང་བཙན་རྩོད་ཀྱི་མེད་དབུ་མའི་ལམ་བཤད་ཀྱི་ཡོད་ཅེས་ཕར་བཤད་སྐབས་རང་བཞིན་གྱིས་ཟོན་བྱས་ནས་སྡོད་པ་དེ་ཡལ་གྱི་འདུག གང་ལྟར་ང་ཚོས་སྲིད་བྱུས་བཟུང་ཡོད་པ་འདི་ཡིས་གྲུབ་འབྲས་ཤིག་རིམ་བཞིན་ཐོན་ཡོང་བ་ལྟ་བུ་འདུག ཅེས་སོགས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཁྱད་ཆོས་དང་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར། དེ་བཞིན་བོད་ཆབ་སྲིད་ཀྱི་ཐོག་ནས་སིལ་བུར་འཐོར་ནའང་སྐད་ཡིག་དང་ཆོས་ཀྱི་ཐོག་ནས་ཆིག་སྒྲིག་བྱས་ནས་བསྡད་པ་དང་། བོད་ཀྱི་བདེ་དོན་ཆེད་དཀའ་ལས་བརྒྱབ་པ་ནི་དངོས་དང་བརྒྱུད་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཞུས་པ་ཡིན་པས་བསྔོ་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་སློབ་ཟབ་རྒྱས་སྩལ་བ་དང་།  བཀའ་སློབ་གྲུབ་མཚམས་སྲི་ཞུ་ལས་བྱེད་ཟུར་པ་རྣམས་ལ་སྲོང་བཙན་སྐུ་བརྙན་དང་། ལེགས་སྐྱེས་རྗེས་དྲན་གནང་རྗེས་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་བཅས།།