ལྡི་ལིའི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / ལྡི་ལིའི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་གུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་རེ་ཞིག་མཇུག་ལེགས་པར་གྲུབ་སྟེ་གྷ་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཞལ་བསྒྱུར་ཡོད་པ་དང་། གནམ་ཐང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། སྐབས་དེར་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་རེད། 

སྐབས་དེར་གསར་འགོད་པ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་བཀའ་འདྲི་ཞུས་པར་ཁུངས་ལྡན་གནས་ཚུལ་གཞིར་བཟུང་བྱས་ན་ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཉི་མ་མཆོག་ཁོང་སྐུ་འཚོ་ཞུགས་ཡིན་འདུག་ཅེས་སོགས་བཀའ་ལན་སྩལ་དོན།  འདི་ཏོག་ཙམ་རྙོག་དྲ་ཚ་པོ་རེད།  རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་པ་རེད།   དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན།  ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་བྱེད་ཀྱི་ཡོད།

དེ་བཞིན་ངོས་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན།  ཁོང་གི་སྐོར་ལ་བར་ལམ་ནས་གནས་ཚུལ་གང་ཡིན་ཤེས་རྟོགས་རྩ་བ་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་པ་རེད།  འོན་ཀྱང་། ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན་ད་ལྟ་ཁོང་སྐུ་འཚོ་ཞུགས་ཡིན་པ་དང་།  རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་།  

ལོ་བརྒྱ་ཙམ་གོང་བོད་དུ་མཁྱེན་བརྩེ་དབང་པོ་ཞེས་པའི་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས། ཁོང་སྐུ། གསུང་།  ཐུགས། ཡོན་ཏན། འཕྲིན་ལས་བཅས་ཡང་སྲིད་ལྔ་བྱུང་བ་རེད།  དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་བཀའ་ལན་གནང་རྗེས་བཞུགས་སྒར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕེབས་ལམ་གཡས་གཡོན་དུ་རྡ་སར་གཉུག་མར་གནས་པ་དང་གློ་དུ་ཕེབས་པ་སོགས་མི་རིགས་འདྲ་མིན་གྱི་དད་ལྡན་སེར་སྐྱ་ཕོ་མོ་དང་། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་ཕེབས་བསུ་དང་བཅས་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།