སེམས་འཁྲལ་མེད་པའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་སྐྱེལ་ཐུབ་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།

མདུན་ངོས། / སེམས་འཁྲལ་མེད་པའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་སྐྱེལ་ཐུབ་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༤ ཉིན་Velocity 48 ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་ IIT, Delhi གི་དགེ་ལས་སློབ་ཕྲུག་དང་། མང་ཚོགས་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱར་ “སེམས་འཁྲལ་མེད་པའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་སྐྱེལ་ཐུབ། “ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་དང་། 

དེ་ཡང་ཐོག་མར་Velocity 48 ཚོགས་པའི་ཚོགས་གཙོ་ལྕམ་སྐུ་པ་རོལ་ Ms Parol ལགས།  འཕྲུལ་རིག་བསྟི་གནས་ཁང་IITགི་འགན་འཛིན། སྐུ་ཞབས་ཝི་རཱམ་གྷོ་པཱལ་རའོ་ལགས་Prof V Ramgopal Rao  དེ་བཞིན་ཧིན་དི་གློག་བརྙན་ Bollywood འཁྲབ་སྟོན་པ་ Tisca Chopra ལགས་བཅས་སྡིངས་ཆའི་སྟེང་༸གོང་ས་མཆོག་དང་ལྷན་བཞུགས་གྲལ་དུ་འཁོད་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། 

བརྩེ་བའི་སྤུན་མཆེད་བུད་མེད་དང་སྐྱེས་པ་ཚོར་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་ཀྱི་གྲོགས་མོ་དེ་སྔ་ཨ་ཡིར་ལེན་ཌི་ཡུལ་གྱི་སྲིད་འཛིན་ Irish President ལྕམ་སྐུ་མེ་རི་རོ་བྷེན་སོན་ Mary Robinson མཆོག་གིས་ངོས་ལ་ཐེངས་ཤིག བུད་མེད་ཐོབ་ཐང་རྩོད་མཁན་གྱི་ཏཱ་ལའི་བླ་མ། ཞེས་གསུངས། དེ་རིང་འདི་འདྲ་པོ་ཞིག་ཆགས་སོང་། དེར་རྒྱུ་མཚན་ཡོད། གང་ཡིན་བརྗོད་ན་ཚན་རིག་པས་ཚོད་ལྟའི་ལམ་ནས་བུད་མེད་ཚོ་ལུས་པོའི་གྲུབ་ཆའི་སྟེང་ནས་གཞན་གྱི་སྡུག་བསྔལ་ལ་སྐྱེས་པ་ཚོ་ལས་མི་བཟོད་པའི་བློ་ཤུགས་ཆེ་བ་སྐྱེ་བཞིན་ཡོད། དཔེར་ན་སྐྱེས་པ་དང་བུད་མེད་ཞིག་གློག་བརྙན་ལྟ་སྐབས་གློག་བརྙན་ནང་དཀའ་སྡུག་མྱོང་བཞིན་པའི་རྣམ་པ་མཐོང་སྐབས་བུད་མེད་ཀྱི་བསམ་བློའི་ནང་མི་བཟོད་པའི་བློ་ཤུགས་ཆེ་བ་སྐྱེ་བཞིན་ཡོད་པ་ནི་ལུས་ཀྱི་རྣམ་འགྱུར་ལས་ར་འཕྲོད་གསལ་པོ་བྱུང་ཡོད། ལྷག་པར་ང་ཚོ་ཚང་མ་རང་གི་མ་ལས་སྐྱེས་པ་ཤ་སྟག་རེད། མའི་བྱམས་བརྩེའི་འོག་ནུ་ཞོ་འཐུང་ནས་འཚར་ལོངས་བྱུང་ཐུབ་ཡོད།

དུད་འགྲོར་ཁྱི་ལྟ་བུར་ཆ་བཞག་ན་ཕས་འདོད་པ་སྤྱད་པ་ཙམ་ལས་ཁྱི་ཕྲུག་གསོ་སྐྱོང་ཐོག་འགན་ཁུར་མི་བྱེད། འོན་ཀྱང་བྱ་རིགས་ཁག་གཅིག་ཕ་མ་གཉིས་ཀས་མཉམ་རུབ་ཐོག་ནས་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་དེ་འདྲ་ཡོད་ཚོད་འདུག ང་ཚོ་འགྲོ་བ་མི་ལ་མཚོན་ནའང་དེ་ལྟར་རེད། མ་ཁོ་ན་ལས་ཕས་ནུ་ཞོ་སྦྱིན་མི་ཐུབ། འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ལ་བལྟས་ཀྱང་དམག་རྒྱག་མཁན་མང་ཆེ་བ་སྐྱེས་པ་རེད། དོན་དུ་མི་གསོད་མཁན་ཆགས་ཡོད། ཤ་ཚོང་མཁན་ལ་མཚོན་ནའང་ཕལ་ཆེ་བ་སྐྱེད་པ་རེད། ད་ཆ་ང་ཚོས་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློའི་ནང་བྱམས་བརྩེའི་ཚོར་བ་ཡོད་པ་དེ་དག་གོང་མཐོར་གཏོང་རྒྱུའི་དུས་ལ་བབ་འདུག གནས་བབ་དེའི་ཐོག་ནས་བུད་མེད་ཚོས་དམིགས་བསལ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག

སྲོག་ཆགས་གྲོག་འབུས་མཚོན་བདེ་སྡུག་མྱོང་ཐུབ་མཁན་སྐྱེ་འགྲོ་ཡོངས་རྫོགས་ཀྱིས་བདེ་བ་དོན་དུ་གཉེར་ནས་འགྲོ་བཞིན་ཡོད། ཚོར་བ་བདེ་བ་ལ་རྣམ་གྲངས་འདྲ་མིན་ཡོད། སྲོག་ཆགས་གྲོག་འབུ་དང་ཉ། བྱ་རི་དྭགས་སོགས་ལ་མིའི་ཕུལ་དུ་བྱུང་བའི་ཀླད་པ་དེ་འདྲ་མེད། དེར་བརྟེན་དུད་འགྲོའི་རིགས་ཀྱིས་གཙོ་བོ་དབང་ཤེས་ལ་བརྟེན་པའི་ཚོར་བ་བདེ་སྡུག་ཉམས་སུ་མྱོང་ནས་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུད་འགྲོའི་རིགས་འཚོ་གནས་ཐུབ་མིན་ཡང་གཙོ་བོ་དབང་ཤེས་ཀྱི་ཚོར་བར་རག་ལུས་ཡོད། དེར་བརྟེན་དུད་འགྲོའི་རིགས་འགའ་ཤས་སྒྲ་དང་དྲི་སོགས་ཚོར་རྒྱུའི་དབང་ཤེས་ཀྱི་ནུས་པ་ང་ཚོ་འགྲོ་བ་མི་ལས་ཧ་ཅང་ཆེ་བ་ཡོད། ང་ཚོ་མིར་མཚོན་ན་ཐུན་མོང་མིན་པའི་ཀླད་པ་ཡོད། དེའི་ཐོག་ང་ཚོར་ཧ་ཅང་གནས་ཚད་མཐོ་བའི་སྐད་དང་ཡི་གེ་ཡོད། འོན་ཀྱང་མཚམས་རེ་མིའི་ཀླད་པ་དེས་རྙོག་གྲའང་ཧ་ཅང་བཟོ་བཞིན་ཡོད། མིའི་རེ་དོགས་ཀྱིས་མཚོན་རྣམ་རྟོག་འདྲ་མིན་དང་། འདས་པའི་ལོ་རྒྱུས་དང་མ་འོངས་གནས་སྟངས་ཐོག་ལ་བསམ་བློ་བཏང་དྲགས་ནས་མཚམས་རེ་སེམས་འཁྲལ་དང་སེམས་ངལ་མང་པོ་སྐྱེ་བཞིན་ཡོད།

ཕུང་པོའི་གྲུབ་ཆའི་སྟེང་ནས་མིའི་ཀླད་པ་འདི་ངོ་མཚར་ཅན་ཞིག་རེད། ཕྱོགས་མཚུངས་བྱམས་བརྩེའི་བློ་དེའང་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མའི་བྱམས་བརྩེའི་ཚོར་བས་འོག་ལྟ་སྐྱོང་བྱས་ནས་རིམ་བཞིན་འཚར་ལོངས་བྱུང་ཡོད། ད་ཆ་ཚན་རིག་པ་ཚོས་ཀྱང་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་ཤེས་རྟོགས་ཐུབ་ཡོད། ང་ཚོའི་མི་ཚེ་ཐོག་མར་འགོ་འཛུགས་སྟངས་དེའང་བྱམས་བརྩེའི་འོག་ནས་འགོ་བཙུགས་པ་ཞིག་རེད། དེ་ནས་རིམ་བཞིན་འཚར་ལོངས་བྱེད་སྐབས་སུའང་གཞན་གྱི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱེད་བཞིན་ཡོད། གཞན་གྱི་བྱམས་བརྩེས་བསྐྱངས་མེད་ན་ང་ཚོ་འཚོ་ཐབས་བྲལ།  མ་ལས་སྐྱེས་རྗེས་ཉི་མ་དང་ཟླ་བ་འགའ་ཤས་སྐད་ཆ་མིན། ལོ་ནས་ལོ་བསྟུད་ནས་མས་བྱམས་བརྩེས་སྐྱོང་བཞིན་ཡོད།  དེར་བརྟེན་ང་ཚོའི་ལུས་པོའི་གྲུབ་སྟངས་དེའང་བྱམས་བརྩེའི་འོག་ནས་བྱུང་ཡོད།  གལ་ཆེ་ཤོས་ནི་ང་ཚོར་མིའི་ཀླད་པ་ཕུལ་དུ་བྱུང་བ་ཞིག་ཡོད་པ་འདི་དང་ནང་གི་གཤིས་རྒྱུས་དང་འབྲེལ་བའི་བྱམས་བརྩེའི་ཀུན་སློང་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་དགོས།  བྱམས་བརྩེས་སེམས་ནང་གདེང་སྤོབས་སྦྱིན་ཐུབ་པ་མ་ཟད། དྲང་བདེན་གྱི་མི་ཚེ་བསྐྱལ་ཐུབ།  དྲང་པོ་དྲང་བཞག་ཐོག་ནས་མི་ཚེ་བསྐྱལ་ཐུབ་པ་ཡིན་ན་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་ཕྱི་གསལ་ནང་གསལ་དང་རྒྱབ་མདུན་ངོ་ལྐོག་མེད་པ་ཞིག་ཡོང་ཐུབ།  དེ་འདྲ་བྱུང་ན་གཞན་གྱི་ཡིད་ཆེས་བསླེབ་ཐུབ།  ཡིད་ཆེས་བྱུང་ན་གྲོགས་པོ་ཡོང་ཐུབ། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན།  འཇོན་པོ་རྒོད་པོ་ག་ཚོད་ཡོད་ཀྱང་རང་ཉིད་གཅིག་པུས་མི་ཚེ་བསྐྱལ་ཐུབ་ཐབས་བྲལ།  ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་ཡོད་པ་བཅས།།