ལཱལ་བྷ་ཧཱ་དུར་ཤཱསྟྲི་འཛིན་སྐྱོང་བསྟི་གནས་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་སྩལ་བ།

མདུན་ངོས། / ལཱལ་བྷ་ཧཱ་དུར་ཤཱསྟྲི་འཛིན་སྐྱོང་བསྟི་གནས་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཌབཱར་ཀ་ Dwarka  ས་གནས་སུ་ཡོད་པའི་ལཱལ་བྷ་ཧཱ་དུར་ཤཱསྟྲི་འཛིན་སྐྱོང་བསྟི་གནས་ཁང་ (Lal Bahadur Shastri Institute of Management) གི་ལོ་འཁོར་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་རེད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལཱལ་བྷ་ཧཱ་དུར་ཤཱསྟྲི་དམ་པ་མཆོག་དང་ཐུགས་འདྲིས་ཧ་ཅང་ཡོད་པ་དང་། དམ་པ་ཁོང་སྐུ་ཚེ་ཡུན་རིང་ཙམ་བཞུགས་ཡོད་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་རླབས་ཆེན་ཞིག་འགྲོ་སྲིད་པའི་སྐོར་བཀའ་སློབ་སྩལ་བ་མ་ཟད།   རྒྱ་གར་ཡུལ་འདི་ནི་འཛམ་གླིང་མི་འབོར་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པའི་ཁར་ཆོས་ལུགས་འདྲ་མིན་ཡོད་པ་དག་འཆམ་མཐུན་ངང་གནས་བཞིན་ཡོད། འདི་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་འོས་པ་ཞིག་ཆགས་ཡོད། 

རྒྱ་གར་གནའ་རབས་སྲོལ་རྒྱུན་དུ་ནང་གི་གཤིས་རྒྱུད་དང་འབྲེལ་བའི་ཡོན་ཏན་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་ཤུགས་ཆེ་གནང་ཡོད། ལོ་ངོ་ ༣༠༠༠ ཙམ་གྱི་རིང་རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་མཁས་པ་དག་གིས་བློའི་རྣམ་གཞག་དང་བྱེད་ལས།  ཉོན་མོངས་པའི་བློར་གཉེན་པོ་སྟོན་ཕྱོགས་སོགས་ལ་བརྡར་ཤ་བཅད་ནས་བསམ་བློའི་ཚན་རིག་གི་གནས་ཚད་ཧ་ཅང་ཚད་མཐོན་པོར་སོན་ཐུབ་ཡོད། སྟོན་པ་ཤཀྱཱ་ཐུབ་པས་བདག་མེད་པའི་ལྟ་བ་གཏན་ལ་ཕབ་པ་དང་དེ་ལ་སྐབས་དེ་དུས་ནས་འདོད་མཁན་དང་མི་འདོད་མཁན་ཡོད་པ་མ་ཟད། འདོད་མཁན་དང་མི་འདོད་མཁན་གྱི་དབར་དུ་རྩོད་པ་ཤུགས་ཆེན་པོ་བྱུང་ཡོད་ཅེས་སོགས་རེ་དོགས་དང་རྣམ་རྟོག་སོགས་ལ་བརྟེན་ནས་སེམས་འཁྲུག་པ་དང་། སེམས་འཁྲུགས་པས་ཆགས་སྡང་གི་བློ་སྐྱེས་ཏེ་རྙོག་དྲ་ཡོང་བཞིན་ཡོད། 

རྙོག་དྲའི་རྩ་བ་ནི་ཉོན་མོངས་ཀྱི་བློ་ཡིན་པས་ཆུང་བ་ཁྱིམ་ཚང་ནས་ཆེ་བ་རྒྱལ་ཁབ་ཀྱི་དབར་དང་། མདོར་ན་འཛམ་གླིང་སྤྱིའི་དཀའ་རྙོག་གི་འབྱུང་རྩ་ནི་ཉོན་མོངས་ཀྱི་བློ་ཡིན་པ་དང་།  དཀའ་ངལ་དེ་དག་སེལ་རྒྱུར་རྒྱ་གར་སྲོལ་རྒྱུན་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་བཤད་དེ་དག་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། དེ་རིང་སློབ་ཕྲུག་ཁྱེད་རང་ཚོས་བསླབ་པ་མཐར་སོན་ནས་འབུམ་རམས་པའི་ལག་འཁྱེར་ཐོབ་ཀྱང་མི་ཡིན་ཕྱིན་སེམས་ཚོར་ཡོད།  དེར་བརྟེན་དེང་དུས་ཤེས་ཡོན་རྐྱང་པས་མི་ཆོག་པར་རྒྱ་གར་རང་གི་གནའ་རབས་ཀྱི་ལེགས་བཤད་དེ་དག་ལའང་ངེས་པར་དུ་དོ་སྣང་སྤྲོད་དགོས།  དེང་དུས་ཤེས་ཡོན་རྐྱང་པས་སེམས་ཞི་བདེ་བག་ཕེབས་ལྡན་པ་ཞིག་ཡོང་ཐབས་མེད། དེང་དུས་ཤེས་ཡོན་དང་ལྷག་པར་འཕྲུལ་རིག་གི་ཤེས་བྱ་དེ་དག་ཐོག་བློའི་རྣམ་གཞག་དང་བྱེད་ལས་སོོགས་ལ་དོ་སྣང་སྤྲོད་དགོས། དེ་འདྲ་བྱུང་ན་འཛམ་གླིང་བདེ་ཞིང་སྐྱིད་པ་ཞིག་ཡོང་ཐུབ། འགན་འདི་རྒྱ་གར་བ་གཞོན་སྐྱེས་ཁྱེད་ཚོར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལཱལ་བྷ་ཧཱ་དུར་ཤཱསྟྲི་དམ་པ་མཆོག་གི་སྲས་སྐུ་ཞབས་ཨ་ནིལ་ཤཱསྟྲི་ལགས་ཀྱིས་ཐུགས་རྗེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས།།