ནེ་རུ་རྗེས་དྲན་མཛད་སྒོར་བཀའ་སློབ་སྩལ་བ།

མདུན་ངོས། / ནེ་རུ་རྗེས་དྲན་མཛད་སྒོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་་༢༠༡༨ ཟླ་ ༤ ཚེས་ ༢༢ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོན་གཉེར་ཅན་ཁག་ཅིག་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་བཀའ་སློབ་སྩལ་བ་དང་། དེ་རྗེས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་ (Nehru Memorial Museum and Library) དུ་རྒྱ་གར་གྱི་སྲིད་བློན་ཐོག་མ་པཎྜི་ཏ་ནེ་རུ་མཆོག་གི་རྗེས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ནས་ཚོགས་བཅར་བ་མི་གྲངས་ ༣༠༠ བརྒལ་བར་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་པཎྜི་ཏ་ནེ་རུ་མཆོག་གི་རྗེས་དྲན་མཛད་སྒོའི་ཐོག་ཆིབས་བསྒྱུར་མ་གནང་གོང་དོན་གཉེར་བ་ཁག་གཅིག་ལ་འཛམ་གླིང་ཁྱོན་དུ་གནས་པའི་འགྲོ་བ་མི་ཡོངས་ལ་ཕན་ཐོགས་ཡོང་ཐབས་ལ་བསམ་བློ་གཏོང་དགོས་པ་དང་། སྐྱེས་བུ་སྒེར་གྱི་རེ་དོགས་སོགས་ལ་གཉེན་པོ་བསྟེན་ཐབས་ངོ་སྤྲོད་དང་ཞི་བདེ་བག་ཕེབས་བཟོ་ཐབས། ཕྱི་དངོས་པོ་ཁོ་ནའི་མཐུན་རྐྱེན་ཡར་རྒྱས་བཏང་བ་དང་། གོ་མཚོན་གྱི་ནུས་པ་ཆེ་རུ་བཏང་བ་དེའི་ཚོད་ཀྱིས་མི་རྣམས་ལ་འཇིགས་སྣང་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། དེང་སྐབས་འཛམ་གླིང་ནང་མིའི་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་འཕྲད་བཞིན་པའི་དུས་སྐབས་འདིར་རྒྱ་གར་སྲོལ་རྒྱུན་གྱི་ཞི་གནས་དང་ལྷག་མཐོང་ཉམས་ལེན་གཙོ་བོར་གྱུར་བའི་སེམས་རྒྱུད་འདུལ་ཐབས་ཀྱི་ཐབས་ལམ་དེ་དག་དགོས་མཁོ་ཧ་ཅང་ཆེན་པོ་ཡིན་པ་སོགས་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་ལེགས་བཤད་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་། དེ་རྗེས་ཏིན་མུ་རྟི་བསྟི་གནས་ཁང་དུ་(Teen Murti House) ༸ཞབས་སོར་འཁོད་སྐབས་དཔེ་མཛོད་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཤཀྟི་སིནྷ་ (Shakti Sinha) ལགས་དང་།  གདན་ཞུ་གོ་སྒྲིག་ཚོགས་ཆུང་ (Antar Rashtriya Sahayog Parishad) གི་སྐུ་ཚབ་སྐུ་ཞབས་ཝི་རེནྡྲ་གུཔྟཱ་ (Virendra Gupta) ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྒྱ་གར་གྱི་གསར་འགོད་པ་ཟུར་པ་དང་པར་པ་སྐུ་ཞབས་ཝི་ཛཡཱ་ཀརནཏི་ (Vijay Kranti) ལགས་ཀྱིས་ཚོགས་བཅར་བ་མི་གྲངས་ ༣༠༠ བརྒལ་བར་འཚམས་འདྲི་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམ་འདྲི་དང་འབྲེལ་ལེགས་བྱང་དང་སྤྱོད་བཟང་ཐོག་ནས་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་ཐབས་སྐོར་དང་། རྒྱ་གར་ལ་མིའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཆོས་པ་བྱུང་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ནི་རྒྱ་གར་སྲོལ་རྒྱུན་དཔལ་ནཱ་ལེནྡྲའི་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་ཡིན་པ་སོགས་དང་། བོད་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཇི་ལྟར་དར་བའི་སྐོར་བཀའ་སྩལ་བ་དང་། 

དེ་རྗེས་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་དང་། རྒྱ་གར་ནང་སྙིང་རྗེ་གཞི་རྩར་གྱུར་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དར་སྲོལ་ཡོད་པ་ནི་ངོ་མཚར་ལྡན་པ་ཞིག་ཡིན་སྐོར། འཚེ་བའི་ལས་སྟེ་དམག་རྒྱུ་ལྟ་བུ་ནི་དུས་ཚོད་ཡོལ་ཟིན་པ་དང་། མང་གཙོའི་རིང་ལུགས་ཐོག་བསྐྱོད་བཞིན་པའི་འཛམ་གླིང་འདིར་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ། དབུལ་ཕྱུག་གི་ཧེ་བག་ལ་བརྟེན་ནས་བྱུང་བའི་དཀའ་ངལ་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་ཕྱི་དངོས་པོ་དང་ལྷན་ནང་གཤིས་རྒྱུད་དང་འབྲེལ་བའི་སྤྱོད་བཟང་གི་ཡོན་ཏན་གོང་མཐོར་གཏོང་ཆེད་བློའི་རྣམ་གཞག་དང་བྱེད་ལས་སོགས་ངེས་པར་དུ་ཤེས་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་བོད་དོན་སྐོར་ལ་བཀའ་སློབ་སྩལ་དོན།

འདས་པའི་ལོ་རྒྱུས་ནི་འདས་ཟིན་པ་རེད། བོད་ལ་མཚོན་ན་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་རེད། རྒྱ་གར་ཤེས་ལྡན་མི་སྣ་གྲགས་ཅན་སྐུ་ཞབས་ལོ་ཀེཤ་ཅན་དྲ་ལགས་ཀྱིས་གསུང་པ་ལྟར་ན།  ས་བབ་ཆགས་སྟངས་ལ་བལྟས་ཀྱང་བོད་ནི་རྒྱ་དཀར་ནག་གཉིས་ལས་ལོགས་སུ་ཐོན་ཞིང་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་རྣམ་པ་ཧ་ཅང་གསལ་པོ་ཡོད་ཚུལ་གསུངས། ད་ཆ་ང་ཚོ་དུས་རབས་ ༢༡ ནང་ཡོད་སྟབས་བོད་མི་ཚོས་ཀྱང་ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ལས་མིག་དཔེ་ལེན་ཐུབ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རང་སྐྱོང་ཁུལ་དང་། བོད་རང་སྐྱོང་ལྗོངས་སོགས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ལོགས་སུ་ངོས་འཛིན་བྱས་ནས་བོད་མིའི་ཆོས་དང་ལེགས་སྦྱང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་པ་ཡིན་ན། ང་ཚོ་རྒྱ་ནག་དང་མཉམ་དུ་སྡོད་ཐུབ་རྒྱུ་རེད།  དཔལ་འབྱོར་འཛུགས་སྐྲུན་ཐོག་ནས་ང་ཚོས་རྒྱ་ནག་ལས་ཁེ་ཕན་ཐོབ་རྒྱུ་དང་། རྒྱ་ནག་གིས་བོད་མི་སར་ནས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྟབས་གཉིས་ཕན་ཡོང་ཐུབ། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་མཛད།  མཛད་སྒོ་གྲོལ་མཚམས་ཚོགས་ཁང་གི་ཕྱི་རོལ་དུ་བོད་མི་མཇལ་བཅར་བ་རྣམས་ལ་མཇལ་ཁ་སྩལ་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས། །