ཞོ་སྟོན་ཐེངས་ ༢༣ པའི་འཁྲབ་སྟོན་པ་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

མདུན་ངོས། / ཞོ་སྟོན་ཐེངས་ ༢༣ པའི་འཁྲབ་སྟོན་པ་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པར་ཕེབས་པའི་འཁྲབ་སྟོན་པ་རྣམ་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཁ་ཤས། དེ་བཞིན་བོད་ནས་འབྱོར་བ་ཁག་ཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་བོད་ཀྱི་ཞོ་སྟོན་ཐེངས་ ༢༣ པ་དེ་བཞིན་ཟླ་འདིའི་ཚེས་ ༡༨ ནས་དབུ་བཙུགས་ཡོད་པ་ལྟར་བོད་ཀྱི་ཟློས་གར་ཚོགས་པ། ཅོན་ཏ་ར་བོད་ཁྱིམ། བལ་ཡུལ་ལྷ་ཚོགས། བྷན་རྡ་ར་ལྷ་ཚོགས། མན་སྤར་ལྷ་ཚོགས། ཀ་སྦུག་ལྷ་ཚོགས། མ་སུ་རི་ལྷ་ཚོགས། ཨོ་རི་ས་ལྷ་ཚོགས། སྦེལ་ཀོབ་ལྷ་ཚོགས། མོན་གྷོ་ལྷ་ཚོགས། ཀོ་ལེ་གྷལ་ལྷ་ཚོགས། སྤོན་ཊ་ལྷ་ཚོགས་བཅས་ནས་ཕེབས་པའི་འཁྲབ་སྟོན་པ་མི་གྲངས་ ༤༢༦ དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་སོགས་མི་གྲངས་ ༢༥ གཞན་ཡང་བོད་ནས་འབྱོར་བ་ཁག་ཅིག་བཅས་ལ་བོད་ཀྱི་ཟློས་གར་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་སྐོར་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སྐོར། གཞན་ཡང་འདས་པའི་ལོ་རྒྱུས་ཀྱི་སྐོར་སོགས་ནས་བཀའ་སློབ་སྩལ་དོན།

ཐོག་མའི་འཆར་གཞི་ལ་ངོས་རང་ཚེས་ ༢༥ ལ་ཡར་ཡོང་ནས་ཐུག་ན་བསམ་ཡང་། གནམ་གྲུ་ཆུ་ཚོད་གཅིག་གཉིས་ཀྱིས་འགྱུར་བ་སོང་ན་དཀའ་ངལ་རེད། སྐབས་དེར་ཧ་ཅང་བྲེལ་བ་ཚ་བོ་ཆགས་མི་ཡོང་ངམ་བསམ་སོང་། དེ་ལས་དེ་རིང་འདིར་འཁྱུག་ཙམ་ཐུག་ན་བསམ་པ་དྲན་བྱུང་།  བོད་ཀྱི་རིག་གཞུང་གི་ཆ་ཤས་ཟློས་གར་དང་། གཙོ་ཆེ་ཤོས་ལྷ་མོའི་ཟློས་གར་དེ་ཕལ་ཆེར་བོད་ལ་མ་གཏོགས་མེད་པ་ལྟ་བུ་རེད། ཁྱོད་རང་ཚོས་རྒྱུན་འཛིན་བྱས་པ་ཙམ་དུ་མ་ཟད་པའི་ས་ཁུལ་ཁག་མང་པོ་ཞིག་ལ་ལྷ་མོའི་ཟློས་གར་ཚུགས་ཡོད་པ་རེད། ཁྱོད་རང་ཚོ་ཚང་མ་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྗེས་འབྲང་དང་། སྐད་ཡིག་ཟུར་གསལ་ཡོད་པ་རེད། ངོས་རང་ལོ་ ༨༢ ལོན་བསྡད་ཡོད། མི་མང་པོར་ཐུག་གི་ཡོད་པ་དང་། ཉམས་མྱོང་མང་པོ་བསགས་ནས་ཡོང་དུས་སྐད་ཡིག་འདིའི་ནང་ང་རང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་ནི་འཛམ་གླིང་འདིར་དགོས་མཁོ་ཡོད་པ་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་བོ་རེད།  རྩ་བ་འབྱུང་ཁུངས་རྒྱ་གར་ནས་བྱུང་བ་རེད། ཡིན་ནའང་རྒྱ་གར་གྱི་བདག་པོ་བརྒྱབ་ཐུབ་ཡོད་པ་མ་རེད། དེང་སང་ངོས་ཀྱིས་རྒྱ་གར་བ་ཚོར་དེ་ལ་བདག་པོ་རྒྱག་དགོས་པ་རེད་ཅེས་འཆད་བཞིན་ཡོད། 

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཟུང་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་བ་དང་། སྐབས་དེར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མི་རྟོག་པ་གཅིག་པུ་སྒོམ་པས་འགྲིག་པ་དང་། སློབ་སྦྱོང་བྱེད་དགོས་མ་རེད་ཅེས་གསུང་མཁན་རྒྱ་ཡི་མཁན་པོ་དེ་འདྲས་ཤུགས་རྐྱེན་གང་འཚམ་བྱུང་བ་རེད། དེ་བྱུང་བས་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་སློབ་དཔོན་ཀཱ་མ་ལ་ཤི་ལ་གདན་ཞུས་ཞོག་ཅེས་མཁན་ཆེན་ཞི་བ་འཚོས་ཞལ་ཆེམས་གནང་བ་ལྟར་ཁོང་བོད་ལ་ཕེབས། 

ཞི་འཚོ་ཡབ་སྲས་གཉིས་ཧ་ཅང་མཁས་པ་རེད། ནཱ་ལེནྡྲའི་མཁས་པ་རེད། ཀླུ་སྒྲུབ་ཀྱི་གཞུང་དང་དབུ་མའི་ལྟ་གྲུབ་འཛིན་མཁན་དང་། ཕྱོགས་གླང་ཆོས་གྲགས་ཀྱི་དགེ་ཕྲུག་བྱས་ཏེ་ཚད་མའི་གཞུང་ལ་ཧ་ཅང་མཁས་པ་རེད།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་རང་ཉིད་བཞུགས་པའི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་། དེར་གླིང་མང་པོ་ཞིག་ཡོད་པ་རེད། རྣམ་དག་ཚུལ་ཁྲིམས་གླིང་ཟེར་ཞིག་ཡོད་པ་དེ་ནི་མཁན་ཆེན་ཞི་བ་འཚོས་དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་གནང་ཡུལ་དང་། སྒྲ་བསྒྱུར་ལོ་པཎ་གླིང་ཞེས་དཔེ་ཆ་སྒྱུར་མཁན་གྱི་སྒྲིག་འཛུགས་གཅིག་བཙུགས་ཡོད་པ་རེད། དེ་ནས་བདུད་འདུལ་སྔགས་པ་གླིང་ཟེར་བ་ཞིག་ཡོད་པ་རེད། རྒྱ་གར་ལ་ཕལ་ཆེར་སྔགས་པ་ཡོད་པ་མ་རེད། གྲུབ་ཆེན་ཚོ་མི་མེད་ལུང་སྟོང་ནགས་གསེབ་ལ་བཞུགས་པ་མ་གཏོགས་སྔགས་པའི་སྒྲིག་འཛུགས་སམ་གྲྭ་ཚང་བཙུགས་པ་བྱུང་ཡོད་པ་མ་རེད། བོད་ལ་བདུད་འདུལ་སྔགས་པ་གླིང་ཞེས་སྔགས་པ་གྲྭ་ཚང་ཞིག་བཙུགས་པ་རེད། དེ་ནས་མི་གཡོ་བསམ་གཏན་གླིང་ཞེས་རྩེ་གཅིག་པའི་སྒོམ་རྒྱག་ཡུལ་གཅིག་མཁན་ཆེན་ཞི་བ་འཚོ་རང་ཉིད་ཞལ་བཞུགས་དུས་འདུག བསམ་ཡས་བཞེངས་ནས་འདི་དག་ཡོད་པ་རེད། རིམ་བཞིན་མི་གཡོ་བསམ་གཏན་གླིང་དུ་ཡོད་པའི་རྒྱ་ཡི་མཁན་པོ་རིགས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སྒོམ་རྒྱག་རྒྱུ་གཅིག་པུ་མ་གཏོགས་སློབ་སྦྱོང་བྱེད་དགོས་པ་མ་རེད་ཅེས་བྱུང་བ་རེད། 

དེ་སང་ཉི་ཧོང་དུ་དེ་འདྲ་འདུག་ངོས་རང་ཐུག་བྱུང་། ཉི་ཧོང་ནང་པའི་རྒྱལ་ཁབ་རེད། དགོན་པ་ལྷ་ཁང་མང་པོ་ཡོད་པ་རེད། ཐེངས་ཤིག་ཉི་ཧོང་གི་ཆོས་པ་ཞིག་གིས་ངོས་ལ་སྐད་ཆ་འདྲི་བཞིན་འདུག།  སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མི་རྟོག་པ་སྒོམ་པ་གཅིག་པུའི་འགྲིག་གི་མ་རེད་དམ། སློབ་སྦྱོང་བྱེད་དགོས་པ་ཡོད་རེད་དམ་ཞེས་དྲིས་བྱུང་། ངོས་ནས་དེ་འགྲིག་གི་མ་རེད། སློབ་སྦྱོང་བྱེད་དགོས་པ་རེད་ཅེས་བརྗོད་རྒྱུ་བྱུང་། དེང་སང་ང་ཚོའི་བོད་པ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་དགོས་པ་རེད་ཅེས་བཤད་རྒྱུན་ཡོད་པ་དེ་ནི་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་བཀའ་དྲིན་རེད། དེ་དུས་ཆོས་རྒྱལ་དབུས་སུ་བཞུགས་ནས་རྒྱ་ཡི་མཁན་པོ་ཚོ་དང་སློབ་དཔོན་ཀཱ་མ་ལ་ཤི་ལས་དབུ་ཁྲིད་པའི་ཚོགས་ཁག་ཅིག་བྱས་ཏེ་རྩོད་པ་བརྩད་པ་རེད། དེ་དུས་རྩོད་པ་བརྩད་པའི་སྐོར་ཡིག་ཐོག་ལ་བཀོད་འདུག་པ་དེང་སང་ང་ཚོས་མཐོང་རྒྱུ་ཡོད་པ་དེ་རེད།  ཅེས་དང་།

ང་ཚོའི་མི་རབས་འདིས་དུས་ཚོད་ཁག་པོའི་ནང་ལ་ཆོས་རྒྱལ་གོང་མ་ཚོའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཡོད་པ་རེད། ཧ་ཅང་དཀའ་ངལ་འཕྲད་པའི་དུས་ཚོད་གཉན་འཕྲང་གི་སྐབས་སུ་ད་ལྟའི་མི་རབས་འདིས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། ཕྱོགས་གཅིག་ནས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཧ་ལས་པ་རེད། མི་འབུམ་ཁ་ཤས་བསད་པ་རེད། ཡིན་ནའང་། བོད་ཀྱི་སྙིང་སྟོབས་བརླག་ཡོད་པ་མ་རེད། དེ་བཞིན་ཕྲུ་གུ་ཆུང་ཆུང་སྐབས་ནས་སློབ་གསོ་བཏང་བ་སོགས་མང་པོ་བྱས་ཡོད་ཀྱང་། དེང་སང་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་ང་ཚོ་བོད་པ་ཡིན་ཞེས་སེམས་ཤུགས་འཁྱེར་བསྡད་ཡོད་པ་ནི་ཧ་ལས་པ་རེད། 

སྔ་མོ་ངོས་རང་ཆུང་ཆུང་སྐབས་ལྷ་སར་ཡོད་སྐབས་འབའ་བ་ཕུན་ཚོགས་དབང་རྒྱལ་དང་སངས་རྒྱས་ཡེ་ཤེས། སངས་རྒྱས་ཡེ་ཤེས་རྒྱལ་རོང་ཡིན་པ་ཡོད། ཐེངས་གཅིག་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་དེའི་མཛད་སྒོའི་སར་རྒྱ་ནག་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཞིག་ཡོང་པ་རེད། སངས་རྒྱས་ཡེ་ཤེས་གུང་ཁྲན་ཏང་ཡོན་རེད། དམར་དམག་རྒྱང་བསྐྱོད་སྐབས་སུ་ཁོང་ཕྲུ་གུ་ཆུང་ཆུང་རེད་སྐབས་དེར་མར་ཁྲིད་ཕྱིན་པ་ཞིག་རེད། ད་དུང་གཞན་ཞིག་ཡོད་ཀྱང་མིང་དྲན་གྱི་མི་འདུག།  སངས་རྒྱས་ཡེ་ཤེས་ཀྱི་མིང་ཡག་པོ་དྲན་གྱི་འདུག། སངས་རྒྱས་ཡེ་ཤེས་དར་རྩེ་མདོ་ཡི་གཙོ་འཛིན་གྲས་རེད། པེ་ཅིང་ནས་མཉམ་དུ་ཞལ་ལག་གནང་སྐབས་ཤིག་ལ་ལྷ་ས་པར་དུ་བརྒྱབ་པའི་གློག་བརྙན་ཞིག་བསྟན་པ་ཡིན། དེ་དུས་སངས་རྒྱས་ཡེ་ཤེས་ངའི་རྒྱབ་ལོགས་སུ་བསྡད་ཡོད། ལྷ་ས་གཙུག་ཁང་གི་པར་ཐོན་པ་དང་ངོས་ཀྱིས་འདི་ལྷ་ས་གཙུག་ལག་ཁང་རེད་ཅེས་བརྗོད་པ་དང་ལམ་སེང་རྒྱབ་ནས་ཐལ་མོ་སྦྱར་སོང་། སེམས་ཀྱི་གཏིང་དུ་བོད་ཀྱི་མི་རིགས་ཤིག་ཡིན་ཕྱིན་ཆད་ལ་བོད་ཀྱི་རིག་གཞུང་ཟེར་ན་ཆོས་དད་ཡོད་པ་ནི་ཧ་ཅང་གསལ་བོ་རེད། 

དེ་བཞིན་འབའ་བ་ཕུན་ཚོགས་དབང་རྒྱལ་དང་ངེད་གཉིས་གྲོགས་པོ་ཡིན། གུང་ཁྲན་ཏང་ཡོན་རེད། ལྷ་ས་ནས་སྔ་མོ་བོད་གཞུང་གིས་དོགས་པ་བྱས་ཏེ་བསྐྲད་པའི་གྲས་རེད། བོད་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད་པ་རེད། ཆོས་དད་ཕལ་ཆེར་མེད་པ་ལྟ་བུ་རེད། ཁོང་གིས་མའོ་ཙེ་ཏུང་ངེད་གཉིས་ཐུག་དུས་ངོས་ཀྱི་སྐད་བསྒྱུར་བྱེད་ཀྱི་ཡོད་པ་རེད། སྐད་བསྒྱུར་གལ་ཆེ་བའི་རིགས་ལ་ཕུན་ཚོགས་དབང་རྒྱལ་འཆར་ཅན་ཡོང་གི་རེད། ངོས་ཀྱིས་སྐད་གཏོང་གི་ཡོད། ཉིན་གཅིག་པེ་ཅིང་ལ་ཕུན་ཚོགས་དབང་རྒྱལ་ངེད་གཉིས་སྐད་ཆ་བཤད་སྐབས་ང་ཚོ་བོད་མི་རིགས་དེང་གི་དུས་སྐབས་སུ་ཧ་ཅང་དཀའ་ངལ་འཕྲད་ནས་སྐྱོ་བོ་ཞིག་ཆགས་བསྡད་པ་དེ་སྲ་ཐག་ཐག་ཆགས་ཐུབ་པའི་རེ་བ་ཆེན་པོ་ཡོད། རྒྱ་ནག་གུང་ཁྲན་ཏང་གིས་རོགས་བྱས། དེ་ནས་ང་རང་ལྷ་སར་ཡོད་དུས་ནོར་བུ་གླིང་གར་༸རྒྱལ་བ་རིན་པོ་ཆེར་མཇལ་བར་ཕྱིན་པ་ཡིན་ཟེར། དེ་དུས་༸རྒྱལ་བ་རིན་པོ་ཆེ་བཞུགས་ཁྲི་སྒང་ལ་ཆུང་ཆུང་ཞིག་འདུག་ཅེས་སོགས་དེའི་ལོ་རྒྱུས་མར་བཤད་རྗེས། ད་ཆ་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ཡར་ཕེབས་ཏེ་གཞོན་པ་ཤ་ཐང་གོ་ཐང་ཞིག་ཆགས་བསྡད་ཡོད་པ་རེད། ད་ང་ཚོར་རེ་བ་ཆེན་པོ་ཡོད་ཅེས་ངུས་སོང་། མིག་ཆུ་འཚེར་འཚེར་ཙམ་མ་ཡིན་པར་སྐད་མ་བརྒྱབ་ཙམ་ཞིག་ངུས་སོང་། མི་རིགས་ཀྱི་ཞེན་ཁོག་ཆེན་པོ་ཡོད་པ་ཧ་ཅང་གསལ་བོ་རེད། དེ་དང་དེས་མཚོན་པའི་བོད་རིགས་གུང་ཁྲན་ཏང་ཡོན་ལ་འཛུལ་ནས་ཆོས་དད་ཆེན་པོ་མེད་ཀྱང་བོད་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ངོས་རང་དེ་སྔ་མཚོ་སྔོན་ཁུལ་དུ་ཕྱིན་པ་དང་ཁམས་ཁུལ་དུ་ཕྱིན་སྐབས་བོད་རིགས་ཏང་ཡོན་མང་པོར་ཐུག་ཡོད་པ་རེད། ཁོ་ཚོ་ཚང་མར་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། 

མི་རིགས་ཀྱི་ཞེན་ཁོག་ཤུགས་ཆེན་པོ་ཡོད་པའི་རྒྱུ་མཚན་གཅིག་གང་རེད་ཟེར་ན་ཕྱི་ལོ་ ༡༩༥༦ དང་། ཕྱི་ལོ་ ༡༩༥༧ ལ་བོད་རིགས་ཏང་ཡོན་ལས་བྱེད་པ་མང་པོ་ཞིག་བཙོན་ལ་བཅུག་པ་དང་། ཕུན་ཚོགས་དབང་རྒྱལ་ཡང་དེ་དུས་བཙོན་ལ་བཅུག་པའི་གྲས་རེད། དེ་རྟགས་མཚན་ཧ་ཅང་གསལ་པོ་རེད། ངོས་རང་པེ་ཅིང་ལ་ཡོད་སྐབས་ཕུན་ཚོགས་དབང་རྒྱལ་སྐད་བསྒྱུར་བྱས་ཏེ་ཡོང་གི་ཡོད་པ་རེད། དེའི་རྗེས་རྒྱ་མི་དཔོན་པོ་མཐོན་པོ་ཞིག་ཡོད་པ་རེད། ཁོས་ང་ལ་ཕུན་ཚོགས་དབང་རྒྱལ་ཡར་ལྷ་སར་གཏོང་གི་ཡིན། ང་ཚོས་བློས་འཁེལ་གྱི་ཡོད་ཅེས་ལན་ཞིག་འབྱོར་སོང་། དེའི་རྗེས་ཕྱི་ལོ་ ༡༩༥༦ དང་ ༥༧ གང་རུང་ཞིག་ལ་ཀྲང་ཅན་ཝུའུ་ཟེར་བའི་རྒྱ་མིའི་དཔོན་པོ་ཞིག་ཡོད་པ་དེ་ནོར་བུ་གླིང་གར་ཡོང་ནས་ཕུན་ཚོགས་དབང་རྒྱལ་ཡར་ཡོང་གི་མ་རེད། ཕུན་ཚོགས་དབང་རྒྱལ་མི་རིགས་རང་ལུགས་ཧ་ཅང་ཤུགས་ཆེན་པོ་རེད། དཔེར་ན། ཕུན་ཚོགས་དབང་རྒྱལ་འབའ་ལ་ཡོད་དུས་འབའ་ས་ཁུལ་དུ་བོད་མིའི་གུང་ཁྲན་ཏང་ཞིག་འཛུགས་པའི་བསམ་བློ་བཏང་འདུག དེ་མི་རིགས་རང་ལུགས་པའི་ནོར་འཁྲུལ་ཆེན་པོ་རེད། དེར་བརྟེན་ཕུན་ཚོགས་དབང་རྒྱལ་ཡར་ཡོང་གི་མ་རེད་ཅེས་ཟེར། དེ་ནས་ཕུན་ཚོགས་དབང་རྒྱལ་བཙོན་ལ་བཅུག་པ་རེད། དེར་བརྟེན་ཆོས་ལ་དད་པ་ཡོད་ནའང་རེད་མེད་ནའང་རེད། བོད་མི་རིགས་ཀྱི་ཞེན་ཁོག་ཧ་ཅང་ཤུགས་ཆེན་པོ་རེད། དུས་ད་ལྟའི་བར་དུ་ལོ་ངོ་དྲུག་ཅུ་ཟིན་འགྲོ་བཞིན་ཡོད་པ་རེད། བོད་རིགས་ཤིག་ཡིན་པའི་ཚུན་ལ་བོད་མི་རིགས་ཀྱི་ཞེན་ཁོག་དེ་ཤུགས་ཆེན་པོ་ཡོད་བསྡད་པ་ཞིག་རེད། 

དེ་ནས་ང་ཚོ་བཙན་བྱོལ་ལ་སླེབས་པ་རེད། ནོར་བུ་གླིང་ག་ནས་ཐོན་ཡོང་སྐབས་སྲོག་འགོ་ཐོན་ཡོང་མི་ཡོང་བསམ་ནས་ཡོང་བ་ཡིན། གནས་ཚུལ་ལྷིང་པོ་བྱུང་ན་བསམ་ནས་ཐབས་ཤེས་གང་ཡོང་ཅི་ཡོང་འགྱོད་པ་མེད་པ་བྱས་པ་ཡིན། ཁྱོན་ནས་འགྲུབ་མ་སོང་། ཟླ་ ༣ ཚེས་ ༡༠ ཉིན་མི་མང་ཡོང་ནས་རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་ངོ་རྒོལ་སྐད་འབོད་ཤུགས་ཆེན་པོ་བྱས་ཏེ་ནོར་བུ་གླིང་གར་སླེབས་པ་རེད། ངོས་ནས་ཁོ་ཚོའི་འགོ་ཁྲིད་ཚོ་ཡར་བོས་ཏེ་འདི་ལྟར་ཟ་ངེ་ཟིང་ངེ་བྱས་ཏེ་མ་འདུག། ཁྱོད་རང་ཚོའི་འཐུས་མིའམ་སྐུ་ཚབ་ཁ་ཤས་ནོར་བུ་གླིང་གར་བསྡད་ན་འགྲིག་གི་རེད་ཅེས་བརྗོད་པ་ཡིན། ཁོ་ཚོས་ཁྱོན་ནས་ཉན་གྱི་མི་འདུག། ཨུ་ཐུག་པ་ཡིན་རྒྱུ་རེད། ཧ་ཅང་མཁྲེགས་པོ་བྱེད་ཀྱི་འདུག། དེ་ལྟར་ཚེས་ ༡༠ ཉིན་གནས་ཚུལ་དེ་བྱུང་ནས་ཚེས་ ༡༦ བར་དུ་ངོས་ནས་ཐབས་ཤེས་གང་ཡོང་བྱས་པ་ཡིན། རྒྱ་མི་ལའང་ང་ཕོད་བརྒྱུད་ནས་ཕར་ཡི་གེ་བྲིས་པ་ཡིན། དེ་དུས་མཚན་ཞབས་རྒྱ་མཚོ་གླིང་ཡོད་པ་རེད། རྒྱ་མི་ལ་འབྲེལ་བ་ཏོག་ཙམ་ཡོད་པ་རེད། ཉིན་གཅིག་ངོས་ཀྱིས་རྒྱ་མི་ལ་ཕར་ཡི་གེ་བྲིས་པའི་ཡིག་ལན་རྒྱ་མཚོ་གླིང་གིས་བསྣམས་ཕེབས་སོང་། ནོར་བུ་གླིང་གའི་གཞུང་སྒོ་ལ་མི་མང་གིས་སྐུ་སྲུང་བཙུགས་ཡོད་པས་རྒྱ་མཚོ་གླིང་གིས་ཨམ་ཕྲག་ནང་འཁྱེར་མ་ནུས་པར་ཕྱག་ཕུའི་སྣེ་རལ་ནས་རྒྱ་མིའི་ཡི་གེ་དེར་བཅུག་ནས་འཁྱེར་སླེབས་སོང་། དེ་ལྟར་ཐབས་ཤེས་གང་ཡོང་བྱས་པ་དང་། ཕྱོགས་གཅིག་ནས་བོད་པ་ཚོ་ལའང་ཟ་ངེ་ཟིང་ངེ་མ་བྱེད། མི་མང་གིས་ངོ་རྒོལ་གྱི་རྣམ་པ་བྱས་ཏེ་མ་སྡོད་ཅེས་འཐུས་མི་ཁ་ཤས་ལ་བཤད་པ་དང་། རྒྱ་མི་ལའང་ཡི་གེ་བྲིས་ཏེ་གང་ཡོང་བྱས་པ་ཡིན། 

ཉིན་མཐའ་མར་ཐན་ཀོ་སན་གྱིས་ངོས་ལ་ནོར་བུ་གླིང་གའི་༸རྒྱལ་བ་རིན་པོ་ཆེ་བཞུགས་ས་གང་དུ་ཡོད་ན་དེ་ལ་རྟགས་ཤིག་རྒྱག་རོགས། ང་ཚོས་དེ་ལ་སྲུང་སྐྱོབ་བྱས་ཏེ་མེ་སྒྱོགས་མ་ཐེབས་པ་བྱེད་ཀྱི་ཡིན་ཞེས་ཡི་གེ་ཞིག་འདུག དེ་ལ་གོ་བ་ལེན་སྟངས་གཉིས་འདུག། ངོས་རང་སྡོད་ས་སྲུང་སྐྱོབ་ཆེད་རྟགས་རྒྱག་རོགས་ཟེར་གྱི་ཡོད་དམ། འབེན་གྱི་དོན་དུ་རྟགས་རྒྱོབས་ཟེར་གྱི་ཡོད་པ་ཚོད་མ་ཐུག་པ་ཞིག་རེད། ཧ་ཅང་ཛ་དྲག་ཆགས་བསྡད་ཡོད་པ་རེད། མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཕྱི་ལོ་ ༡༩༥༦ ནས་ཟིང་ལངས་ཚར་བའི་རྗེས་ལ་བླ་མ་དང་དཔོན་པོ་མང་པོ་རྒྱ་མིའི་ཚོགས་འདུར་སྐད་བཏང་ནས་འཇུས་པ་དང་། དེ་ནས་བཙོན་ལ་བཅུག་པ་དང་། དམར་གསོད་བཏང་བ་སོགས་བྱས་འདུག། དེར་བརྟེན་ཚོད་མ་ཐུག་པ་ཞིག་འདུག གང་ལྟར་ཚེས་ ༡༠ ནས་ ༡༧ བར་བོད་པ་ཚོས་ཀྱང་མཁྲེགས་པོ་བྱས་ཏེ་བསྡད། རྒྱ་མིས་ཀྱང་དགོང་མ་རྟག་པར་ལྷ་སར་དམག་མི་དང་མེ་སྒྱོགས་རླངས་འཁོར་མང་པོ་བཏང་ཡོང་གི་ཡོད། རྩེ་ཕོ་བྲང་གི་མདུན་དུ་ཡོད་པའི་གྲིབ་ཚེ་མཆོག་གླིང་གི་གཤམ་དུ་རྒྱ་མིའི་མེ་སྒྱོགས་དམག་སྒར་ཞིག་ཡོད་པ་རེད། ངོས་རང་རྩེ་ཕོ་བྲང་དུ་སྡོད་སྐབས་དེ་མཐོང་གི་ཡོད། ནམ་རྒྱུན་མེ་སྒྱོགས་དེ་དག་ལ་ཁ་གཅོད་བརྒྱབ་བཞག་ཡོད། ཚེས་ ༡༦ ལ་མེ་སྒྱོགས་ཡོད་ཚད་ཀྱི་ཁ་གཅོད་ཕྱེས་པ་དང་། དགོང་མ་རེ་བཞིན་མཚོ་བོད་རླངས་འཁོར་འགྲོ་ལམ་ཟེར་བ་ཞིག་ཡོད་པ་དེ་ནས་རྒྱ་མི་དམག་མི་ཡོང་བསྡད་པ་ཞིག་གི་སྐབས་སུ་ངོས་ལ་ཡི་གེ་དེ་འབྱོར་བ་རེད། ཡག་རྟགས་ཁྱོན་ནས་མི་འདུག བརྟག་དཔྱད་བྱེད་པ་སོགས་བྱས་མཐར་ཟླ་ ༣ ཚེས་ ༡༧ དགོང་མོ་ལྷ་སའི་ཆུ་ཚོད་ ༡༠ པའི་ཐོག་ངོས་རང་ཐོན་ཡོང་བ་རེད། ཕྱི་ཉིན་ཉི་མ་ཤར་བ་མཐོང་ཡོང་མི་ཡོང་བསམ་ནས་སྲོག་མགོ་ཐོན་མིན་གྱི་མཚམས་ནས་ཐོན་ཡོང་བ་རེད། དེ་ལྟར་རིམ་པས་རྒྱ་གར་ལ་ཐོན་པ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།