ཕྱི་རྒྱལ་མི་རིགས་ལ་འཛམ་གླིང་སྤྱིའི་བདེ་དོན་ཆེད་མི་སྒེར་གྱི་འགན་ཁུར་སྐོར་བཀའ་སློབ་སྩལ་བ།

མདུན་ངོས། / ཕྱི་རྒྱལ་མི་རིགས་ལ་འཛམ་གླིང་སྤྱིའི་བདེ་དོན་ཆེད་མི་སྒེར་གྱི་འགན་ཁུར་སྐོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཕྱིའི་རྒྱལ་ཁབ་ཁག་ ༦༨ ནས་ཕེབས་པའི་མི་རིགས་འདྲ་མིན་གྱི་ཡུལ་སྐོར་བ་མི་གྲངས་ ༡༥༠༠ བརྒལ་བར་འཛམ་གླིང་སྤྱིའི་བདེ་དོན་ཆེད་མི་སྒེར་གྱི་འགན་ཁུར་སྐོར་ནས་བཀའ་སློབ་དང་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དང་པོ་རྒྱལ་ཁབ་དང་ས་ཕྱོགས་ཁག་བགོས་ཀྱི་སྡེ་ཚན་རེ་རེར་སྐུ་པར་ལྷན་སྒྲོན་གནང་བ་དང་། དེ་ནས་བཞུགས་སྟེགས་སུ་༸ཞབས་སོར་འཁོད་དེ་བྱམས་བརྩེའི་གལ་གནད་སྐོར་དང་ཆོས་ལུགས་མཐུན་འབྲེལ། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་དུ་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ཧ་ཅང་གཏིང་ཟབ་མོ་ཡོད་པ་སོགས་བཀའ་སློབ་སྩལ་དོན།

བྱམས་སྙིང་རྗེ་ནི་འཛམ་གླིང་ལ་ཧ་ཅང་དགོས་མཁོ་ཆེ་བ་དང་། དེང་གི་སྤྱི་ཚོགས་ནང་ཆོས་ལུགས་ལ་བརྟེན་ནས་རྩོད་རྙོག་ཡོང་གི་ཡོད། བྱམས་སྙིང་རྗེ་ནི་མི་སྒེར་དང་ཚོགས་པ། རྒྱལ་ཁབ་བཅས་ལ་ཧ་ཅང་དགོས་མཁོ་ཡོད་པས་རྒྱ་གར་གྱི་རིག་གཞུང་རྙིང་པའི་ནང་གི་འཚེ་མེད་ཞི་བ་ལག་ལེན་བསྟར་དགོས། ཚན་རིག་གི་དཔྱད་དོན་གྲུབ་འབྲས་སུའང་བྱམས་སྙིང་རྗེ་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དུ་ཡོད་པར་སྒྲུབ་ཀྱི་ཡོད། འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་བའི་ཐོག་ནས་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ། བྱམས་སྙིང་རྗེ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མི་རྣམས་ཆུང་བའི་དུས་སུ་དབྱེ་འབྱེད་ཀྱི་བསམ་བློ་མེད་པར་ཡར་འཚར་ལོངས་བྱུང་རིམ་བཞིན་ང་དང་ཁོ་ཞེས་དབྱེ་འབྱེད་དང་། ཆོས་ལུགས་འཐེན་འཁྱེར་སོགས་འབྱུང་བཞིན་ཡོད། དེ་ཡི་ཁ་གཏད་ནི་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་སྟེང་ནས་ཡོང་དགོས། ཞེས་དང་། 

རྒྱ་གར་ནང་ལོ་སྟོང་ཕྲག་ཁ་ཤས་གོང་ནས་འཛམ་གླིང་གི་ཆོས་ལུགས་ཚང་མ་མཉམ་གནས་ཐུབ་ཀྱི་ཡོད། རྙོག་དྲ་ཕྲན་བུ་ཡོད་ཀྱང་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་གྱི་གནས་སྟངས་འདི་ནི་འཛམ་གླིང་གང་ས་ནས་མིག་དཔེར་ལེན་འོས་པ་ཞིག་རེད། ཅེས་སོགས་སྐུའི་འགན་ཁུར་ཆེན་པོ་གསུམ་ལས་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་ལ་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་དང་འབྲེལ། ནང་པའི་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་བོད་མི་ས་ཡ་དྲུག་གཅིག་པུའི་ཆེད་དུ་མ་ཡིན་པར་ཨེ་ཤ་ཡ་དང་། ནང་པའི་རྗེས་འཇུག་པ་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་གི་འཛམ་གླིང་འདིར་ཕྱི་དངོས་པོ་གཅིག་པུ་ཡར་རྒྱས་བཏང་བས་ལྡང་གི་མེད། སེམས་འཁྲུགས་པ་སོགས་བཅོས་བསྒྱུར་བྱེད་པའི་ཐབས་ལམ་ནི་ནང་པའི་ཆོས་ཀྱི་ནང་དུ་དཔྱད་སྒོམ་དང་འཇོག་སྒོམ་སོགས་སེམས་ཁམས་རིག་པའི་རྣམ་གཞག་ཏུ་ཡོད་པ་དང་། སེམས་ཁམས་རིག་པའི་རྣམ་གཞག་ཧ་ཅང་གཏིང་ཟབ་མོ་འདི་ཡིས་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཆགས་ཀྱི་ཡོད། ང་ཚོའི་ངོས་ནས་འདི་ཉིད་འཛམ་གླིང་ལ་ངོ་སྤྲོད་བྱེད་ཀྱི་ཡོད་པས་ཚང་མས་དོ་སྣང་བྱེད་དགོས། སེམས་ལ་ཞི་བདེ་བསྐྲུན་པར་སེམས་ནང་ནས་བཅོས་བསྒྱུར་བྱེད་པ་ལས་ཕྱིའི་གཟུགས་ཅན་གཞན་ལ་བརྟེན་པའི་དབང་ཤེས་གཅིག་པུས་ལྡང་གི་མེད། ཅེས་དང་། 

དེ་ནས་ནང་པའི་གཞུང་ལས་བྱུང་བའི་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ལ་བཀའ་སློབ་སྩལ་དོན། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ནང་པའི་གཞུང་དུ་ལོ་ཉིས་སྟོང་གོང་ནས་གསུངས་ཡོད། རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་རཱ་ཅི་རཱ་མ་ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པ་འཛམ་གླིང་ལ་དེང་སང་དར་བཞིན་འདུག་ཀྱང་། རྒྱ་གར་ལ་ལོ་ཉིས་སྟོང་གོང་ནས་བྱུང་འདུག་ཅེས་གསུངས་མྱོང་། ཅེས་སོགས་བཀའ་སྩལ་བ་དང་། 

གཞན་ཡང་།  ང་མི་གཅིག་གིས་འཛམ་གླིང་གི་དཀའ་ངལ་ཆེན་པོ་སེལ་ཐབས་ཡོད་པ་མ་རེད་ཅེས་ཡིད་མ་ཞུམ་པར་བྱམས་སྙིང་རྗེ་མི་སྒེར་གཅིག་ནས་འགོ་བཙུགས་ཏེ་མི་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་དང་ཁྲི་ཁྲག་བྱས་ཏེ་སྤེལ་དགོས། ལས་དོན་ཅི་ཞིག་སྒྲུབ་ཀྱང་ང་ཚོ་ནི་མིའི་སྤྱི་ཚོགས་ནང་མཉམ་སྡོད་བྱེད་ཀྱི་ཡོད་པ་དང་། མཉམ་སྡོད་དེ་ནི་མི་རེ་རེ་ལ་འགན་ཡོད་པ་ཞིག་དང་དེ་ལ་བསམ་བློ་གཏོང་དགོས། དེར་བརྟེན། མི་སྒེར་རེ་རེས་བསམ་བློ་བཏང་སྟེ་བྱམས་སྙིང་རྗེ་ཉམས་ལེན་གྱིས་དར་སྤེལ་གཏོང་དགོས། ཞེས་སོགས་འཛམ་གླིང་སྤྱིའི་བདེ་དོན་ཆེད་མི་སྒེར་གྱི་འགན་ཁུར་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།