ཆོ་འཕྲུལ་སྨོན་ལམ་ཉིན་སྐྱེས་རབས་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་གནང་བ།

མདུན་ངོས། / ཆོ་འཕྲུལ་སྨོན་ལམ་ཉིན་སྐྱེས་རབས་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་ནས་སྤྱན་རྒྱ་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགེ་འདུན་དམངས་ཀྱིས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་འབྲེལ་ཆོས་རིག་བཀའ་བློན་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་ཕུན་ཚོགས་དགེ་ལེགས་བྱེ་བའི་བསྐྲུན་པའི་སྐུ།། སོགས་གསུང་འདོན་གནང་རྗེས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

དེ་རིང་ཆོ་འཕྲུལ་ཟླ་བའི་སྨོན་ལམ་འཚོགས་ཀྱི་ཡོད་པ་རེད། ལྷ་སར་ཕལ་ཆེར་ལོ་དྲུག་བརྒྱ་ཙམ་མིན་ནམ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་སྟོན་པ་བཀའ་དྲིན་ཅན་གྱིས་རྒྱ་གར་དུ་ཟླ་བ་འདིའི་སྐབས་སུ་མུ་སྟེགས་པ་དང་བགྲོ་གླེང་གནང་ཞིང་རྫུ་འཕྲུལ་ཡང་བྱུང་བ་ཡིན་པ་རེད། དེའི་རྗེས་དྲན་བྱས་ཏེ་ཆོ་འཕྲུལ་ཟླ་བ་སྨོན་ལམ་ཚོགས་ཀྱི་ཡོད་པ་དེ་ལྟར་རེད།  ད་སྔོན་ལ་ངོས་ཀྱིས་ཚིགས་བཅད་ཅིག་སྐྱོར་བསྡད་པའི་ནང་དུ། ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་གྱིས། ཞེས་ལྷ་དང་གནོད་སྦྱིན་དང་། མི་མ་ཡིན་དང་། མདོར་ན། འབྱུང་བོ་ནག་པོའི་ཕྱོགས་དང་བཅས་པ་ཚང་མས་གང་ལྟར་བདེ་སྐྱིད་འདོད་ཀྱི་ཡོད་པ་རེད། བདེ་སྐྱིད་ཡོང་བའི་རྩ་བ་སེམས་ལ་ཐུག་ཡོད། སྲིད་པ་འཁོར་བ་ལས་ཐར་ནས་ཐར་བའི་གོ་འཕང་ཐོབ་རྒྱུ་ནི་དུས་ཚོད་མང་པོ་འགོར་བ་ཞིག་རེད། ལས་སླ་བོ་ཡོད་པ་མ་རེད། སྔོན་ལ་ཉིན་རེར་ཉིན་རེའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཞིག་ལ་ཐབས་ཤེས་ཡོད་པ་རེད། ཆོས་ཁས་ལེན་མཁན་ཡིན་ནའང་རེད། ཆོས་ཁས་མི་ལེན་མཁན་ཡིན་ནའང་རེད། སེམས་ཀྱི་བདེ་སྐྱིད་ཚང་མས་འདོད་ཀྱི་ཡོད་པ་རེད། དུད་འགྲོ་ཞིག་ཡིན་ནའང་སྐབས་ཐོག་ཉེན་ཁ་མེད་པ་བྱུང་བ་ཡིན་ན་ལྷོད་ལྷོད་བྱས་ཏེ་སྡོད་ཀྱི་རེད། དུད་འགྲོ་ཡིན་ནའང་ཉེན་ཁ་ཡོད་ས་ལ་གཡོལ་ནས་འགྲོ་བཞིན་ཡོད། 

སེམས་ཀྱི་འཇིགས་སྣང་དང་ཁོང་ཁྲོ། དོགས་པ་སོགས་ཀྱིས་མ་སྐྱིད་པ་བཟོ་ཞིང་། མ་སྐྱིད་པ་ནི་སེམས་རྒྱུད་མ་བཏུལ་བས་བཟོ་བཞིན་ཡོད། སེམས་མ་སྐྱིད་པ་བཟོ་མཁན་ལ་ཉོན་མོངས་ཞེས་མིང་བཏགས་ཡོད། གང་ལྟར་བདེ་བ་ནི་སེམས་ཀྱི་ཞི་བདེ་ལ་གཙོ་བོར་བརྩིས་ཏེ་སྒོ་ལྔའི་ཤེས་པ་ལ་གནས་སྐབས་ཡིད་ཚིམས་པ་ཡོང་བ་དེ་གཅིག་པུར་མ་བལྟས་པར་སེམས་རྒྱུད་ཀྱི་ཞི་བདེ་ཞིག་ལ་བསམ་བློ་བཏང་ནས་སེམས་རྒྱུད་ཀྱི་ཞི་བདེ་དཀྲུགས་མཁན་གྱི་བློ་ཡི་རིགས་ལ་ཉོན་མོངས་ཞེས་མིང་བཏགས་ནས་ཉོན་མོངས་འཇོག་སྟངས་ལ་ཕྲ་རགས་མང་པོ་ཡོད། ནང་པའི་གྲུབ་མཐའ་སྨྲ་བ་གོང་འོག་གིས་ཀྱང་ཉོན་མོངས་འཇོག་སྟངས་ལ་ཁྱད་པར་ཡོད་པ་རེད། རྩ་བ་སེམས་རྒྱུད་དཀྲུགས་མཁན་གྱི་བློ་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་པའམ་མ་སྐྱིད་པར་བྱེད་མཁན་ཞིག་ལ་ཉོན་མོངས་ཟེར་གྱི་ཡོད། དེར་བརྟེན་སངས་རྒྱས་ཀྱི་གསུང་འདི་ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་པ་ཡིན་པས་ཉོན་མོངས་པའི་ཤེས་པ་དེའང་སེལ་བར་བྱེད་པ། ཉོན་མོངས་པའི་ཉེས་པ་སེལ་བར་བྱེད་སྟངས་དེ་རང་རྒྱུད་ལ་ཉོན་མོངས་མི་ཡོང་བར་བཅོམ་ལྡན་འདས་ཀྱིས་བྱིན་རླབས་གནང་རོགས་གནང་ཞེས་ཟེར་རྒྱུ་ཡོད་པ་མ་རེད། ཅེས་སོགས་ནང་པའི་གཞུང་ལས་གསུངས་པའི་ཞི་བདེའི་སྐོར་དང་། དེང་རབས་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་སོགས་བཀའ་སློབ་སྩལ་བ་དང་། དེ་རྗེས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་སོགས་ལ་བཀའ་སློབ་སྩལ་རྗེས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་དབུ་འཛུགས་མཛད་དེ་ཆུ་ཚོད་༩།༣༠ཙམ་ལ་སྐྱེས་རབས་ཀྱི་གསུང་ཆོས་གནང་མཚམས་བཞག་སྟེ་བཀའ་སློབ་སྩལ་དོན། 

སྐྱེས་རབས་ནམ་རྒྱུན་འཆར་ཅན་གསུངས་ཀྱི་ཡོད་པ་རེད། ས་བཅད་མ་སྟོང་ཙམ་ཞིག་བྱས་པ་དེ་ཡིན། དེ་རིང་འདིར་ངོས་ཀྱིས་རྟེན་འབྲེལ་བསྟོད་པ་འདོན་འདོད་བྱུང་། རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་རྒྱུན་སྤྱིར་བཏང་དཀོན་པོ་རེད། ངོས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེ་དགེ་བཤེས་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་ཡིན། དགེ་བཤེས་རིག་འཛིན་བསྟན་པས་ཁང་གསར་རྡོ་རྗེ་འཆང་གི་སྐུ་མདུན་ནས་གསན་འདུག འདི་ཧ་ཅང་དཀོན་པོ་ཞིག་རེད། རྟེན་འབྲེལ་བསྟོད་པ་ཞུ་རྒྱུ་ཡིན། ཞེས་རྟེན་འབྲེལ་བསྟོད་པའི་བཤད་ལུང་དབུ་འཛུགས་གནང་བ་དང་། བཤད་ལུང་དང་འབྲེལ་བཀའ་སློབ་སྩལ་དོན།  

ང་ཚོ་བོད་ཆོལ་ཁ་གསུམ་ལ་དངོས་གནས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། སྔར་ཆོས་རྒྱལ་ཚོའི་སྐབས་ལ་བོད་གོང་བུ་གཅིག་གྱུར་ཡོད་པའི་ཆ་ནས་གཞན་དང་མི་འདྲ་བའི་སྟོབས་ཤུགས་ཡོད་བསྡད་པ་རེད། བོད་སིལ་བུར་ཆགས་ནས་བོད་ཀྱི་ནུས་པ་ཧ་ཅང་ཉམས་པ་རེད། དེའི་སྐོར་རྒྱ་ཡིག་ནང་ནས་ཀྱང་ཐོན་ཡོང་གི་འདུག  ང་ཚོའི་བོད་ཡིག་ནང་གཅིག་པོ་མ་རེད། རྒྱ་ཡིག་ནང་ལོ་རྒྱུས་མཁས་པ་ཚོས་དེ་འདྲ་བཤད་ཀྱི་འདུག དེར་བརྟེན་དུས་ད་ལྟ་ང་ཚོ་རྐྱེན་ངན་གྲོགས་ལ་ཤར་ནས། དེ་སྔ་ཡིན་ན་ང་རང་ཚོ་ཁམས་པ་དང་བོད་པ་ཟེར་བ་ལྟ་བུ་དང་། ཨ་མདོ་དང་བོད་པ་ཟེར་བ་ལྟ་བུ། ཨ་མདོ་དང་ཁམས་པ་ཟེར་བ་ལྟ་བུ་མིག་རྒྱང་ཐུང་ཐུང་བྱས་ནས་གཅིག་གིས་གཅིག་བར་ཐག་རིང་པོར་བསྡད་པ་རེད། ད་ང་ཚོ་རྐྱེན་ངན་གྲོགས་ལ་ཤར་ནས་བོད་ཆོལ་ཁ་གསུམ་གྱི་མདོ་སྟོད་སྨད་ཀྱི་མི། དབུས་གཙང་། སྟོད་མངའ་རིས་དང་བཅས་པའི་བོད་རིགས་ཡོངས་རྫོགས་ལ་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་བསླེབས་འདུག  འདི་ང་ཚོར་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོ་ཚང་མར་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་འདི་ང་ཚོར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ན་ཡང་། ཆོལ་ཁ་གསུམ་སྐྱིད་གཅིག་སྡུག་གཅིག་བྱས་ནས་དད་པ་དམ་ཚིག་གཡོ་བ་མེད་པ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  

དེ་བཞིན་དུ་ཆོས་བརྒྱུད་ཁག བོད་གངས་ཅན་གྱི་ལྗོངས་དང་རྒྱ་གར་ལ་ཡིན་ནའང་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པ་ལིའི་ཆོས་བརྒྱུད་ཡོད་པ་རེད། སྔར་རྒྱ་གར་ལ་ཡིན་ནའང་སྐབས་རེར་སྡེ་བ་བཅོ་བརྒྱད་ཀྱི་རྩོད་པ་ལྟ་བུ་བྱུང་ནས་སྡེ་བ་བཅོ་བརྒྱད་ཆགས་པ་ལྟ་བུ་ཡོད་པ་རེད། ང་ཚོ་བོད་ལ་ཡིན་ནའང་སྔ་འགྱུར་རྙིང་མ། དེ་ནས་གསར་མ་ལ་ས་སྐྱ་བཀའ་བརྒྱུད། བཀའ་གདམས། དེ་ནས་བཀའ་གདམས་གསར་མ་དང་ཇོ་ནང་དང་བཅས་ང་ཚོ་བོད་གངས་ཅན་ལྗོངས་ལ་མེས་པོའི་ཆོས་ལུགས་དེ་བོན་པོ་རེད།  དེ་དག་ལ་ཕྲན་བུ་ཕྲན་བུ་ཐ་སྙད་སྦྱོར་སྟངས་མི་འདྲ་བ་ཡོད་པའི་ཆ་ནས་སྐབས་རེར་ཆོས་མ་ཤེས་པར་ཞེན་ཁོག་བྱེད་པ་ཤེས་ནས་ང་ཚོ་དགེ་ལུགས་པ་དང་ང་ཚོ་རྙིང་མ། ང་ཚོ་ས་སྐྱ་ཞེས་ཞེན་ཁོག་བྱེད་པ་དང་། ངོ་ཐོག་གི་ཆོས་དེ་མ་ཤེས་པར་ཆགས་སྡང་གི་ཞབས་འདེགས་སྒྲུབ་པ་ལྟ་བུ་ཞིག་རེད། 

ཡུལ་ལུང་གི་ཆ་ནས་བོད་ཆོལ་ཁ་གསུམ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཀྱི་ཆ་ནས་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ལ་བར་སྐབས་ཡག་ཐག་ཆོད་ཟེར་དགོས་པ་རེད། གཙོ་ཆེ་ཤོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་དུས་ལ་མཇལ་ནས་ནང་ཚགས་ཆགས་འགྲོ་བཞིན་ཡོད་པ་རེད། དེ་བཞིན་སློབ་གཉེར་རྒྱག་མཁན་ཚོའི་འབྲེལ་བ་ཡང་དེ་སྔ་བོད་ལ་ཡིན་ན་ཁ་བྲལ་ནས་སྡོད་ཀྱི་ཡོད་པ་རེད། རྒྱ་གར་ལ་དུས་དང་དུས་སུ་འབྲེལ་བ་ཐག་ཉེ་རུ་སོང་ནས་ཧ་ཅང་ཕན་ཡོད་པ་རེད། དེ་བོད་ནང་ལ་ཡིན་ནའང་ཤུགས་རྐྱེན་ཐེབས་ཀྱི་འདུག་ལ། བོད་ནང་གི་རྒྱ་ཆེའི་མི་མང་ཚོས་ཀྱང་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཆོས་ལུགས་ཁག་སྟོན་པ་གཅིག་གི་རྗེས་འབྲང་ཡིན་པའི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཚང་མ་ཐུགས་མཐུན་ཁྲིམས་གཙང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། ཞེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།

བོད་ཟླ་དང་པོ་ཚེས་བཅོ་ལྔའི་ཉིན་མཉན་ཡོད་དུ་མཉམ་མེད་ཤཱཀྱའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་སྒོ་ནས་ཕམ་པར་མཛད་པའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩིའི་ཆོས་འབྲེལ་འདིར་ཤར་རྩེ་ཆོས་རྗེ་མཆོག་དང་རྣམ་གྲྭའི་མཁན་རིན་པོ་ཆེ། དགེ་འདུན་པ་དང་བཙུན་མ་ཆིག་སྟོང་བརྒྱད་བརྒྱ་ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། གཞན་ཡང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོ་སྨོན་ལམ་གསུང་ཆོས་ཞུ་རུ་ཕེབས་ཡོད་པ་བཅས།།