༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བོར་འཁོད་པ། 

མདུན་ངོས། / ༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བོར་འཁོད་པ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དང་ཝ་ར་ན་སི། དེ་བཞིན་གནས་མཆོག་རྡོ་རྗེ་གདན་བཅས་སུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་གྲུབ་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀང་ར་གནམ་ཐང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཆོས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་ཀང་ར་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་པ་དང་། རྡ་རམ་ས་ལའི་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་རྡ་སར་གཉུག་མར་གནས་པ་དང་སྐབས་འཕྲལ་དུ་ཕེབས་པ་སོགས་སེར་སྐྱ་མི་མང་གིས་ཁ་བཏགས་དང་བདུག་སྤོས་བཟུང་ནས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་ཕོ་བྲང་དུ་༸ཞབས་སོར་བདེ་བོར་འཁོད་ཡོད་པ་རེད། 

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ར་ན་སའི་མཛད་འཕྲིན་ལེགས་པར་གྲུབ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྐྱངས་སྟེ་ཚེས་ ༢ ཉིན་རྡོར་གདན་མཆོད་རྟེན་ཆེན་མོའི་ར་སྐོར་དུ་བྱང་ཆུབ་ཤིང་དྲུང་དུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་མར་མེ་ཞལ་འབྱེད་དང་། རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དྲུང་དུ་ཐུགས་སྨོན་མཛད་པ་དང་།  ཚེས་ ༥ ནས་ཉིན་གསུམ་རིང་རྒྱ་གར་གྱི་ནང་པའི་རྗེས་འཇུག་གི་དད་ལྡན་ཁག་ཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་གསུང་ཆོས་གནང་པ་དང་། ཚེས་ ༧ ཉིན་རྒྱ་གར་གྱི་ནང་ཆོས་དོན་གཉེར་བ་རྣམས་ལ་ཆོས་འབྲེལ་གནང་སྒོ་མཇུག་གྲུབ་མཚམས་༸གོང་ས་མཆོག་དང་བི་ཧར་(Bihar)མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཀུ་མར་(Chief Minister shri Nitish Kumar )མཆོག་རྣམ་གཉིས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ལས་ཕྱི་གཟུགས་ཅན་སྐོར་གྱི་ཨིན་འགྱུར་པོད་ཕྲེང་དང་པོ་དབུ་འབྱེད་གནང་། 

ཚེས་ ༡༣ ཉིན་མི་རིགས་འདྲ་མིན་གྱི་མི་མང་སུམ་བརྒྱ་བརྒལ་བར་མཇལ་ཁ་དང་། རྡོར་གདན་མཆོད་རྟེན་ཆེན་མོའི་ར་སྐོར་ནང་དུ་རིས་མེད་བསྟན་པའི་གསལ་བྱེད་༸ཆོས་རྗེ་ཡིན་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་སྐབས་ ༡༥ པར་དབུ་བཞུགས་མཛད་པ་དང་། ཚེས་ ༡༤ ནས་ཉིན་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་ཀྱིས་ཚེས་ ༡༦ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྗེས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། 

ཚེས་ ༡༧ ཉིན་གྱི་སྔ་དྲོ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གིས་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་རྗེས་དྲན་མཆོད་འབུལ་རྒྱས་པ་ཞིག་མཆོད་རྟེན་རིན་པོ་ཆེའི་ནང་སྔ་འགྱུར་རྙིང་མའི་སྨོན་ལམ་ཉིན་དང་པོའི་ཚོགས་དུས་གཉིས་པའི་སྐབས་དང་བསྟུན་གོ་སྒྲིག་གནང་བའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཚེས་ ༡༨ ནས་ཚེས་ ༢༡  བར་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་དབུ་འཛུགས་ཀྱིས་བྱང་སེམས་ཀྱི་སྡོམ་པ་འབོག་ཆོག་དང་དབང་གི་སྟ་གོན་གནང་ཡོད་པ་རེད། 

ཚེས་ ༢༢ ཉིན་བོད་རིགས་བརྒྱ་ཕྲག་གཅིག་ལྷག་ལ་མཇལ་ཁ་དང་རྒྱ་རིགས་དད་ལྡན་མི་མང་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་རྡོ་རྗེ་གཅོད་པའི་གསུང་ཆོས་དབུ་འཛུགས་མཛད་དེ་ཚེས་ ༢༣ ཉིན་རྡོ་རྗེ་གཅོད་པ་དང་། ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཚེས་ ༢༥ ཉིན་རྒྱ་གར་གྱི་སློབ་གྲྭ་ཁག་གི་སློབ་མ་ཆིག་ཁྲི་ཙམ་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་སྤྱོད་བཟང་དང་འབྲེལ་བའི་ཤེས་ཡོན་གོང་སྤེལ་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད། རྡོར་གདན་དུ་ཡོད་པའི་ཐའེ་ལན་ཌིའི་ Watpa Temple ཝ་ཊ་པ་དགོན་པར་ཆིབས་བསྒྱུར་བསྐྱངས་སྟེ་གསར་དུ་བཞེངས་པའི་ལྷ་ཁང་དབུ་འབྱེད་མཛད། ཚེས་ ༢༧ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་།  ཚེས་ ༢༨ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་དུ་གནས་གཟིགས་མཛད་རྗེས་གྷ་ཡ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།  རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་བཅས།།