རྙིང་མའི་དབུ་འཛིན་མཆོག་ལ་མཇལ་ཁ་དང་རྡོར་གདན་ནས་ཆིབས་ཐོན་མཛད་པ།

མདུན་ངོས། / རྙིང་མའི་དབུ་འཛིན་མཆོག་ལ་མཇལ་ཁ་དང་རྡོར་གདན་ནས་ཆིབས་ཐོན་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༧ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་སྦྲགས་མགོན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པར་ཐུགས་དགྱེས་བཞེས་མཛད་པ་མ་ཟད། རིན་པོ་ཆེ་མཆོག་ཐེངས་འདིར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་འདེམས་ཐོན་བྱུང་བར་འཚམས་འདྲི་ཡང་མཛད་འདུག  ལྷག་པར་༸གོང་ས་མཆོག་གིས་རིན་པོ་ཆེ་མཆོག་ལ་གུ་རུའི་སྐུ་བརྙན་ཞིག་ཀྱང་ཕྱག་རྟགས་སུ་གསོལ་སྩལ་མཛད་རྗེས་གསོལ་ཇ་ཞལ་ཏོག་ལྷན་བཞེས་མཛད་མཐར།

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།  །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།  །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། ཞེས་ཐུགས་སྨོན་མཚམས་སྦྱོར་མཛད་པ་དང་། 

ཚེས་ ༢༨ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་མ་བསྐྱང་གོང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་དུ་གནས་གཟིགས་མཛད་པར་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།

དེ་རྗེས་མགོན་པོ་གང་ཉིད་མཆོག་གྷ་ཡ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས།  དེ་ཡང་༸གོང་ས་མཆོག་ཐེངས་འདིར་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྗེས་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།