སློབ་ཕྲུག་ལ་བཀའ་སློབ་དང་ཐའེ་ཡི་ལྷ་ཁང་གསར་པ་དབུ་འབྱེད།

མདུན་ངོས། / སློབ་ཕྲུག་ལ་བཀའ་སློབ་དང་ཐའེ་ཡི་ལྷ་ཁང་གསར་པ་དབུ་འབྱེད།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་Alice ལས་འཆར་སོགས་ཚོགས་པ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དུས་དབང་གསུང་ཆོས་ར་བར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཁག་གི་སློབ་མ་ཆིག་ཁྲི་ཙམ་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་སྤྱོད་བཟང་དང་འབྲེལ་བའི་ཤེས་ཡོན་གོང་སྤེལ་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད། རྡོར་གདན་དུ་ཡོད་པའི་ཐའེ་ལན་ཌིའི་ Watpa Temple ཝ་ཊ་པ་དགོན་པར་ཆིབས་བསྒྱུར་བསྐྱངས་སྟེ་གསར་དུ་བཞེངས་པའི་ལྷ་ཁང་དབུ་འབྱེད་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། ཐོག་མར་Universal Ethics ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་པ་དང་། དེ་ནས་བཞུགས་ཁྲིར་འཁོད་མཚམས་Alice ལས་འཆར་འགན་འཛིན་ Valentino Giacomin  ལགས་ཀྱིས་ལོ་ངོ་ ༣༠ ཙམ་གྱི་གོང་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་དང་། མཇལ་ཁ་ཞུ་དགོས་དོན་ཁོང་གི་མ་འོངས་པའི་ལས་དོན་ཐོག་བཀའ་སློབ་ཞུ་ཆེད་ཡིན་པ་དང་། སྐབས་དེར་རྒྱ་གར་ནང་ཤེས་ཡོན་ཐོག་མུ་མཐུད་ཤུགས་རྒྱག་དགོས་པའི་བཀའ་སློབ་ཕེབས་པར་བརྟེན་གུས་པས་ཕྱི་ལོ་ ༡༩༩༤ ལོར་ཨེ་ལི་སི་ལས་འཆར་ཐོག་མར་ཝཱ་རཱ་ཎ་སིར་འགོ་འཛུགས་ཞུས་པ་ཡིན། ཞེས་སོགས་ཀྱིས་གསུང་བཤད་གནང་། 

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  གཞོན་སྐྱེས་སློབ་ཕྲུག་ཁྱེད་ཚོར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཀྱི་ཚོར་སྣང་སྐྱེ་བཞིན་འདུག  ལས་འཆར་གྱི་འགན་འཛིན་ངོས་ཀྱི་ཨི་ཊ་ལིའི་གྲོགས་པོ་རྙིང་པ་ཁོང་གིས་ང་ཚོས་གང་བཤད་པ་དེ་དག་ལག་ལེན་བསྟར་བཞིན་ཡོད། ཧ་ཅང་རླབས་ཆེན་རེད། དུས་ཚོད་ནི་རྟག་ཏུ་འགྱུར་བཞིན་པ་ལས་དུས་ཚོད་འགྱུར་བ་མ་ཕྱིན་པར་གནས་ཐབས་རྩ་བ་ནས་མེད།  སྔར་གང་བྱུང་བའི་གནས་ཚུལ་དེ་དག་ཚར་བ་ཡིན་སྟབས་དྲན་པའི་ཡུལ་ཙམ་དང་ལོ་རྒྱུས་ནང་འཁོད་རྒྱུ་ཙམ་ལས་བསྐྱར་ལོག་རྒྱག་རྒྱུ་གང་ཡང་མེད།  མ་འོངས་པ་ད་དུང་འབྱུང་རྒྱུ་ཡིན་སྟབས་མ་འོངས་པའི་གནས་སྟངས་བཟང་པོ་ཞིག་ཡོང་ཐུབ་པ་བྱ་རྒྱུའི་གོ་སྐབས་ཡོད། གནས་སྟངས་འདིའི་འོག་ནས་ཁྱེད་ཚོ་མི་རབས་གཞོན་པ་ཚོ་མ་འོངས་པའི་མི་རབས་ཆགས་ཡོད། རྒྱ་གར་གྱི་མ་འོངས་པའི་གནས་སྟངས་བཟང་ངན་ཇི་འདྲ་ཡོང་མིན་ཁྱེད་ཚོའི་ལག་ཏུ་ཡོད།


གཞི་རྩའི་སྲོག་ཆགས་ཙམ་མ་ཟད་མེ་ཏོག་འདིས་མཚོན་རྩི་ཤིང་རིགས་ལའང་སེམས་མེད་སྟབས་སེམས་ཚོར་མེད།  འོན་ཀྱང་དེ་དག་ཐམས་ཅད་འཚོ་གནས་བྱ་འདོད་པ་ནི་དཔེར་ན་མེ་ཏོག་ལ་མཚོན་ན་ཆུ་དགོས། ཆུ་མེད་ན་མེ་ཏོག་རྙིད་རྒྱུ་རེད། ཕྱོགས་མཚུངས་ཉི་མའི་མེ་ཏོག་ལྟ་བུར་མཚོན་ན་ཉི་མ་གང་དུ་ཡོད་སར་ཁ་ཕྱོགས་བཞིན་ཡོད། སྤྱིར་མེ་ཏོག་དེར་སེམས་ཚོར་མེད་ཀྱང་འཚོ་རྒྱུའི་ཐོབ་ཐང་ཡོད།


སྲོག་ཆགས་ལ་མཚོན་ན་སེམས་ལྡན་ཡིན། དེར་བརྟེན་སེམས་ཚོར་ཡང་མེད། གྲོག་འབུར་ཚུན་ཆད་འཚོ་སྡོད་བྱ་རྒྱུའི་འདོད་པ་བྱེད་བཞིན་ཡོད།  འཚོ་རྒྱུའི་དམིགས་ཡུལ་དེའང་གཙོ་བོ་བདེ་བ་དོན་དུ་གཉེར་ནས་བྱེད་བཞིན་ཡོད།  གནས་སྟངས་འདིའི་འོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མིན་ཇི་ལྟར་ཡང་ང་ཚོ་མི་ལ་ཁྱད་དུ་འཕགས་པའི་ཀླད་པ་ཡོད།  ཀླད་པ་དེས་འདས་པའི་དུས་གནས་སྟངས་རྗེས་དྲན་བྱེད་ཐུབ་པ་ཙམ་མ་ཟད། མ་འོངས་པའི་གནས་སྟངས་ཐོག་བསམ་བློ་གཏོང་ཐུབ། བསམ་བློ་ཚད་དང་ལྡན་པ་ཞིག་གཏོང་བར་དངོས་ཡོད་གནས་སྟངས་ཤེས་དགོས།  དེ་ཤེས་པར་ཕྱོགས་གཅིག་རྐྱང་རྐྱང་ལ་མ་ལྟ་བར་ངོས་གཉིས་དང་གསུམ། བཞི། དྲུག་སོགས་མདོར་ན་ཕྱོགས་ཚང་མའི་གནས་སྟངས་ཤེས་པ་བྱེད་དགོས། འདི་མི་ཁོ་ན་མ་གཏོགས་དུད་འགྲོས་བྱེད་ཐུབ་རྒྱུ་མ་རེད།


བདེ་བ་དོན་དུ་གཉེར་བ་ལྟར་བདེ་བའི་རྒྱུ་གང་ཡིན་ཐོག་ང་ཚོས་བསམ་བློ་བཏང་ནས་ཤེས་པ་བྱ་དགོས། དེ་འདྲ་བྱ་རྒྱུར་མིའི་ཀླད་པར་དམིགས་བསལ་ནུས་པ་ཞིག་ཡོད།  ང་ཚོ་མིར་ལྷན་སྐྱེས་སུ་བདེ་བ་འདོད་རྒྱུའི་བསམ་བློ་དང་བདེ་བ་འདོད་པ་ལྟར་བདེ་བའི་རྒྱུ་གང་ཡིན་ཐོག་བསམ་བློ་གཏོང་ཐུབ།  དེ་འདྲ་ཡོང་བར་གཙོ་ཆེར་ཤེས་ཡོན་ལ་རག་ལུས་ཡོད།  མིའི་ཀླད་པ་བེད་སྤྱོད་ཚད་མཐོ་ཤོས་གཏོང་ཆེད་ཤེས་ཡོན་དེ་གཙོ་བོ་ཡིན་པ་མ་ཟད། ཤེས་ཡོན་ལ་བརྟེན་ནས་ང་ཚོས་ཆོས་རྣམས་ལ་རིག་པས་དཔྱད་པ་བྱ་རྒྱུའི་རྣམ་དཔྱོད་ཀྱི་ནུས་པ་རྒྱ་སྐྱེད་གཏོང་ཐུབ།


དེར་བརྟེན་མིའི་སྤྱི་ཚོགས་གང་དུ་ཡིན་ནའང་ཤེས་ཡོན་ཧ་ཅང་གཙིགས་ཆེར་འཛིན་ཡོད། འོན་ཀྱང་ཁྱིམ་ཚང་ནང་དང་སྤྱི་ཚོགས། དེ་བཞིན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་རྙོག་དྲ་བཟོ་མཁན་དེ་དག་ཤེས་ཡོན་ཡོད་མཁན་ཚོ་རེད། ཁོང་ཚོར་ཤེས་ཡོན་ཡོད་སྟབས་དེའི་ཐོག་ནས་ཐབས་བྱུས་བྱ་རྒྱུ་མཁས་པོ་ཡོད།  དེར་བརྟེན་ད་ལྟའི་ཤེས་ཡོན་ལམ་ལུགས་འདིས་འབྱུང་འགྱུར་སྤྱི་ཚོགས་བདེ་ཞིང་སྐྱིད་པ་ཞིག་བཟོ་རྒྱུའི་ནུས་པ་ལྡན་མིན་འདི་དྲི་བ་ཞིག་རེད། འདིའི་ཐོག་ང་ཚོས་དངོས་གནས་བསམ་བློ་ཡག་པོ་གཏོང་དགོས།  དེང་སྐབས་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་རྙོག་དྲ་ཧ་ཅང་མང་པོ་འཕྲད་བཞིན་ཡོད། རྙོག་དྲ་དེ་དག་ཕལ་ཆེ་བ་མིས་བཟོས་པའི་རྙོག་དྲ་ཆགས་ཡོད་པ་དང་། དེ་ངོས་ཀྱིས་སྐྱེས་པས་བཟོས་པའི་རྙོག་དྲ་རེད་(man made problem) ཅེས་བརྗོད་ཀྱི་ཡོད། འོན་ཀྱང་བུད་མེད་ཀྱིས་རྙོག་དྲ་མ་བཟོས་པའི་དོན་དག་རྩ་བ་ནས་མ་རེད། བུད་མེད་ཁྲོད་རྙོག་དྲ་མང་པོ་བཟོ་མཁན་དེ་འདྲའང་ཡོད།

རྙོག་དྲ་སུས་ཀྱང་མི་འདོད་ཀྱང་རྙོག་དྲའི་རྒྱུ་རྐྱེན་ང་ཚོ་མིས་བཟོས་པ་ཞིག་ཆགས་ཡོད། འདིས་ཅི་ཞིག་སྟོན་བཞིན་ཡོད་ཅེ་ན། དེང་དུས་ཤེས་ཡོན་ལམ་ལུགས་ཀྱིས་གང་ཟག་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་སོགས་བདེ་ཞིང་སྐྱིད་པ་ཞིག་བསྐྲུན་རྒྱུར་ནུས་པ་ལྡང་གི་མེད་པ་གསལ་པོར་མཚོན། ད་ཆ་ང་ཚོས་འདིའི་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས། ཞེས་སོགས་དུས་རབས་ ༢༠ པའི་མི་རབས་རིམ་བཞིན་རྫོགས་རྒྱུ་ཡིན་པ་དང་། གཞོན་སྐྱེས་རྣམས་ནི་དུས་རབས་ ༢༡ པའི་རེ་བ་ཡིན་པས་སློབ་སྦྱོང་ཡག་པོ་བྱས་ཏེ་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། ཆོས་ལུགས་ནི་མི་སྒེར་གྱི་དོན་དག་ཅིག་དང་ཤེས་ཡོན་ནི་མི་ཚང་མར་དགོས་མཁོ་ཡོད་པ་ཞིག་ཡིན་ལ། དེ་བཞིན་གཟུགས་པོའི་འཕྲོད་བསྟེན་སློབ་སྦྱོང་ཡོད་པ་བཞིན་སེམས་ཁམས་འཕྲོད་བསྟེན་གྱི་སློབ་སྦྱོང་ཡང་བྱེད་གལ་ཆེན་པོ་ཡིན་པ་སོགས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་རྗེས་སློབ་ཕྲུག་ཁག་ཅིག་གི་དྲི་བ་དང་འབྲེལ་ཏེ་བདེ་སྐྱིད་བསྐྲུན་ཐབས་ཀྱི་སྐོར་དང་། ཆོས་ལུགས་ཧ་ཅང་མང་པོ་ཡོད་པའི་ཁྲོད་རང་ཉིད་ཀྱི་ཁམས་དང་མོས་པར་འཚམ་པའི་ཆོས་ལུགས་དང་ལེན་བྱེད་དགོས་པའི་སྐོར་དང་། རྒྱ་གར་ནང་དུ་ཆོས་ལུགས་སྣ་ཚོགས་པ་ཞི་བདེ་མཉམ་གནས་བྱེད་ཀྱིན་པ་ནི་མིག་དཔེ་བཟང་པོ་ཞིག་ཡིན་པ་སོགས་བཀའ་སློབ་སྩལ་བ་དང་། 

ཆུ་ཚོད་ ༡༠ ཡོལ་ཙམ་ལ་མཛད་རིམ་ལེགས་པར་གྲུབ་སྟེ་རྡོར་གདན་དུ་གསར་རྒྱག་བྱས་པའི་ཐའེ་ལན་ཌའི་ཝ་ཊ་པ་དགོན་པར་ཆིབས་བསྒྱུར་བསྐྱངས་པ་དང་། དེ་ཡང་ཝ་ཊ་པ་དགོན་པར་༸ཞབས་སོར་འཁོད་པ་དང་། དགོན་པའི་མཁན་པོ་སོགས་ཀྱིས་མེ་ཏོག་སྣབས་སྟེ་མདུན་བསུ་དང་། ཐའེ་ཡི་གཞོན་ནུ་མ་བཞི་ཡིས་ཐའེ་ལན་ཌའི་སྲོལ་རྒྱུན་གྱི་མཆོད་གར་འཁྲབ་སྟེ་ཕེབས་བསུ་ཞུས་པ་དང་། དེ་ནས་ལྷ་ཁང་པའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མཚམས་སླར་ཡང་གཞོན་ནུ་མ་བཞིས་མཆོད་གར་དང་མེ་ཏོག་གཏོར་བ་སོགས་ཐའེ་ཡི་ལུགས་སུ་གུས་ཞབས་རྒྱ་ཆེར་མཛད་རྗེས་དགོན་པའི་བླ་མ་Dr. Ratneswar Chakma ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་དུ་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེར་བསྐྱངས་བཞིན་པའི་རྣམ་ཐར་ངོ་སྤྲོད་དང་། ལྷ་ཁང་གསར་རྒྱག་གི་དམིགས་ཡུལ་ནི་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ལ་དམིགས་ཡོད་པ་སོགས་ངོ་སྤྲོད་མཛད་རྗེས། 

༸གོང་ས་མཆོག་གིས་ཐའེ་ཡི་ལྷ་ཁང་གསར་པ་དབུ་འབྱེད་དུ་ཡོང་བར་ཧ་ཅང་དགའ་བོ་བྱུང་བ་དང་། ངོས་རང་གིས་ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་བདེ་སྐྱིད་སྒྲུབ་རྒྱུ་དེ་ཡིན། ཡིན་ནའང་། མཚམས་ལན་རེར་རྙོག་དྲ་ཆུང་ཚགས་ཡོང་བཞིན་ཡོད། ཆོས་ལུགས་མང་པོའི་ཁྲོད་ནས་ང་ཚོའི་ནང་པའི་ཆོས་ལུགས་ནི་དམིགས་བསལ་ཞིག་ཡིན། དེང་སང་ཚན་རིག་པས་ཀྱང་ང་ཚོའི་ནང་པའི་སེམས་ཁམས་རིག་པའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་སྤྲོད་པ་ཞིག་འགོ་བཙུགས་ཡོད། ཞེས་སོགས་བཀའ་སློབ་སྩལ་རྗེས་སྐུ་པར་མཉམ་སྒྲོན་གནང་བ་སོགས་གནང་རྗེས་ཉིན་གུང་ལྗགས་སྨན་གནང་བ་དང་། དེ་ནས་ཆུ་ཚོད་དང་པོ་ཙམ་ལ་བཞུགས་ཡུལ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་སྟེ་ལས་རིགས་འདྲ་མིན་གྱི་མི་སྣ་དང་སྡེ་ཚན་ཁག་ཅིག་གི་མི་སྣ་ལ་མཇལ་ཁ་སྩལ་ཡོད་པ་བཅས།།