རྒྱ་རིགས་མི་མང་ལ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་དབུ་འཛུགས་མཛད་པ།

མདུན་ངོས། / རྒྱ་རིགས་མི་མང་ལ་རྡོ་རྗེ་གཅོད་པའི་ཆོས་འབྲེལ་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་རིགས་བརྒྱ་ཕྲག་གཅིག་ལྷག་ལ་མཇལ་ཁ་དང་རྒྱ་རིགས་དད་ལྡན་མི་མང་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་རྡོ་རྗེ་གཅོད་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ཆུ་ཚོད་ ༨།༠༠ ཡོལ་ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་བོད་ནས་ཕེབས་མཁན་གཙོ་བོར་གྱུར་བའི་མི་མང་བརྒྱ་ཕྲག་གཅིག་བརྒལ་བར་མཇལ་ཁ་སྩལ་བ་དང་། དེ་ནས་ཕེབས་འཁོར་ལ་བཞུགས་སྟེ་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་གསུང་ཆོས་ཞུ་མཁན་རྒྱ་རིགས་འབྲེལ་ཡོད་ནས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་རྒྱ་རིགས་ཚོར་ནམ་རྒྱུན་འཆར་ཅན་ལྟར་ནང་ཆོས་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། རྒྱ་རིགས་ལའང་ཐའེ་ཝན་ནས་ཡོང་བ་དང་སིང་ག་པོར་ནས་ཡོང་བ། ཧྥ་རིན་སི་ནས་ཡོང་བ། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བ་བཅས་ལ་ནམ་རྒྱུན་ནང་ཆོས་ངོ་སྤྲོད་འཆར་ཅན་བྱེད་ཀྱི་ཡོད་པ་རེད། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་གསུང་ཆོས་གཞན་ཡང་བྱེད་ཀྱི་ཡོད་པས་དེ་དང་སྟབས་བསྟུན་ནས་རྒྱ་རིགས་ཚོར་ཆོས་འབྲེལ་བྱེད་པ་དེ་ལྟར་ཡིན། རྡོ་རྗེ་གཅོད་པ་སྔོན་མའང་ངོས་ཀྱིས་ཚར་གཅིག་བཤད་པ་ཡིན། དེ་རེས་ཡང་གོ་བསྡུར་བྱས་པ་བཞིན་རྡོ་རྗེ་གཅོད་པའི་ཆོས་འབྲེལ་བྱེད་རྒྱུ་བྱས་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། དེ་རིང་གི་ཆོས་འབྲེལ་ཉེ་སྔོན་རྒྱ་གར་གྱི་སློབ་ཕྲུག་དང་རྒྱ་གར་བ་ནང་ཆོས་ལ་དོན་གཉེར་ཡོད་མཁན་ཚོར་བཤད་རྒྱུ་མགོ་བཙུགས་པ་རེད། རྒྱ་གར་ཆོས་ཀྱི་འབྱུང་ཁུངས་རེད། སངས་རྒྱས་པའི་ཆོས་ལ་ཆ་བཞག་ནའང་རྒྱ་གར་ནས་བྱུང་བ་རེད། བཅོམ་ལྡན་འདས་ཁོང་ཡང་རྒྱ་གར་བ་རེད། ལྷག་པར་དུ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱང་རྒྱ་གར་བ་རེད། སྔ་མོ་ཡིན་ན་དཔལ་ནཱ་ལེནྡྲ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་བ་རེད། སྤྱིར་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་ཤེས་རབ་སྙིང་པོ་འདོན་མཁན་ཚང་མས་གཙུག་ཏུ་བཀུར་བ་ཞིག་ཆགས་ཡོད། 

པ་ལིའི་ཆོས་བརྒྱུད་དེ་ཤྲི་ལིངྐ་དང་འབར་མ། ཐའེ་ལན་ཊི། ཁམ་པོ་ཊི་ཡ། ལའོ་སི་སོགས་ཀྱི་ནང་དུ་དར་ཁྱབ་ཆེན་པོ་བྱུང་སྟེ་དུས་ད་ལྟ་ཡིན་ནའང་འདུལ་བའི་ཉམས་ལེན་རྨང་གཞིར་བཞག་པའི་ཐོག་ནས་པ་ལའི་སྡེ་སྣོད་གསུམ་གྱི་ཆོས་བརྒྱུད་དེ་དག་ཧ་ཅང་ཡག་པོ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་དེ་ཐོག་མར་རྒྱ་ནག་ལ་དར་བ་དང་། རྒྱ་ནག་ནས་ཀོ་རུ་ཡ། ཝེ་ཏི་ནམ། ཉི་ཧོང་། དེ་ནས་བོད་དང་སོག་པོ་བཅས་སུ་དར་ནས་བོད་དུ་ནང་ཆོས་མ་དར་གོང་ལ་རྒྱ་ནག་ལ་དར་ཟིན་པ་རེད། རྒྱ་ནག་ནི་ནང་ཆོས་དར་བ་སྔ་ཤོས་ཤིག་ཆགས་ཡོད། དེང་སང་གི་དངོས་ཡོད་གནས་ཚུལ་དུ་འཛམ་བུ་གླིང་འདིར་ལུང་པ་འདྲ་མིན་དུ་རྒྱ་མི་རིགས་ཀྱི་ཚོགས་པ་སྐྱིད་སྡུག་ཆེན་པོ་རེ་ཡོད་པ་ཡིན་ན་ནང་པའི་ལྷ་ཁང་རེ་ཕལ་ཆེར་ཡོད་པ་རེད། དཔེར་ན། མ་ལེ་ཞིས་ཡ་དང་ཨིན་ཊི་ནི་ཞིས་ཡ་སོགས་སུ་རྩ་བའི་ལུང་པའི་ཆོས་བརྒྱུད་ཁ་ཁ་ཡིན་ཀྱང་། རྒྱ་རིགས་ཡོད་སར་ནང་ཆོས་ཡོང་གི་འདུག དེར་བརྟེན་རྒྱ་མི་རིགས་ཀྱི་བསམ་བློའི་ནང་དུ་རང་བཞིན་ལྷན་སྐྱེས་སུ་ནང་ཆོས་ཟེར་དུས་སེམས་ཐག་ཉེ་བོ་ཡོད་པ་ཞིག་ཆགས་བསྡད་འདུག ཅེས་སོགས་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་གལ་ཆེན་ཡིན་པའི་སྐོར་དང་། ཆོས་ལུགས་ཚང་མར་བརྩི་བཀུར་ཞུ་དགོས་པ། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཁྱད་པར། གཞན་ཡང་། མགོན་པོ་གང་ཉིད་མཆོག་ཚན་རིག་ལ་དོ་སྣང་བྱུང་བའི་སྐོར་དང་། ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་རྡོ་རྗེ་གཅོད་པའི་གསུང་ཆོས་དབུ་འཛུགས་ཀྱིས་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ཙམ་ལ་ཉིན་དང་པོའི་གནང་སྒོ་ཡོངས་སུ་མཇུག་སྒྲིལ་བ་དང་། ཐེངས་འདིར་ཐའེ་ཝན་དང་སིང་ཀ་པོར། མ་ལི་ཞི་ཡ། རྒྱ་ནག་སྐམ་ས་ཆེན་མོ་སོགས་ནས་ཆོས་ཞུ་བ་བརྒྱ་ཕྲག་ལྔ་ཙམ་དང་། གཞན་ཡང་། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་སྟོང་ཕྲག་ཁ་ཤས་འཛོམས་ཡོད་པ་བཅས།།