འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སྩལ་བ། 

མདུན་ངོས། / འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སྩལ་བ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཟུར་སྟག་ལྷ་སྐད་བཟང་དབྱངས་སྐྱིད་ལགས་ཀྱིས་ཞུས་དོན་ལྟར་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་ཐོག་མར་བཀའ་དབང་སྔོན་འགྲོའི་སྒྲུབ་ཞག་བསྐྱངས་པ་དང་། ཆུ་ཚོད་ ༩།༠༠ ཙམ་ལ་བཞུགས་ཁྲིར་འཁོད་མཚམས་ཞལ་འདོན་ཁག་ཅིག་གསུང་འདོན་གནང་བ་དང་། དེ་ནས་བཀའ་སློབ་སྩལ་དོན། 

བཀའ་ཟུར་སྐལ་བཟང་ལགས་ཀྱིས་ངོས་ལ་དཔའ་གཅིག་གི་དབང་བྱེད་རྒྱུའི་རེ་འདུན་ཞུས་པ་ལྟར། དེ་རིང་འདི་ནས་མང་ཚོགས་ལ་བཀའ་ཆོས་བྱེད་པའི་ལེའུ་གཅིག་རྫོགས་པ་རེད། སང་ཉིན་དང་གནངས་ཉིན་ནམ་རྒྱུན་ཐའེ་ཝན་ནས་ཡོང་བའི་གྲས་ལ་ལོ་ལྟར་བཀའ་ཆོས་བྱེད་ཀྱི་ཡོད་པ་རེད་ལ། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་གྲས་ལའང་བར་ལམ་ལོ་གསུམ་བཞིའི་རིང་བཀའ་ཆོས་བྱེད་བསྡད་ཀྱི་ཡོད། དེ་རེས་འདིར་གཙོ་བོ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་མང་པོ་ཞིག་ཡོད་པ་རེད། དེ་དག་ལ་རྡོ་རྗེ་གཅོད་པའི་བཀའ་ཆོས་བྱེད་རྒྱུ་ཡིན། དེའི་ལུང་དེ་སྔོན་མ་རི་རྫོང་རིན་པོ་ཆེའི་མདུན་ནས་ཆེད་མངགས་ཞུས་པ་ཡིན། ཤེས་རབ་སྙིང་པོ་ཤེར་ཕྱིན་ཉེར་ལྔ་བ་ཟེར་བ་དེ་ཡིན་པ་ཡོད། རྡོ་རྗེ་གཅོད་པ་དེ་ལས་རྒྱས་པ་ཞིག་དང་། དོན་དག་ཤེར་ཕྱིན་གྱི་གཞུང་ཚང་མ་འགྲོ་སྟངས་གཅིག་པ་རེད། སང་ཉིན་གནངས་ཉིན་གཉིས་ལ་རྒྱ་རིགས་ཚོ་གཙོ་བོ་དང་། མདུན་གྱི་གྲལ་ལ་རྒྱ་རིགས་བྱེད་རྒྱུ་བྱོས། དེ་ལ་སྒྲུབ་ཞག་བྱེད་དགོས་པ་སོགས་ཡོད་པ་མ་རེད་ལས་སླ་བོ་རེད་། ཤེར་ཕྱིན་རྡོ་རྗེ་གཅོད་པའི་གོང་དུ་ཤེས་རབ་སྙིང་པོ་འབྲེལ་ཡོད་རེད་ལ། བཤད་པ་བསྡུས་ཙམ་བྱས་ན་བསམ་བྱུང་། སང་ཉིན་གནངས་ཉིན་གཉིས་དེ་ལྟར་ཡིན། 

ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པའི་བཤད་ལུང་ཞལ་ལུང་གི་རྒྱུན་ཡོད་པ་མ་རེད། བཙན་ཤེད་རེད། བརྒྱད་སྟོང་པའི་ཞལ་ལུང་དེ་ཕལ་ཆེར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐབས་ནས་དར་བ་རེད་མ་གཏོགས་དེའི་གོང་དུ་བརྒྱད་སྟོང་པའི་ཞལ་ལུང་མེད་པ་རེད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་བཙན་ཤེད་ལྟ་བུ་གནང་སྟེ་བརྒྱད་སྟོང་པའི་ཞལ་ལུང་གི་རྒྱུན་ཞིག་ཡོད་པ་རེད། དེར་བརྟེན། ཞལ་ལུང་གི་རྒྱུན་ཡོད་པ་མ་རེད་དེ་ཕན་པའི་སེམས་ཀྱིས་བཤད་བཞིན་ཡོད་པ་རེད། ཁྱོད་རང་ཚོས་ཀྱང་དོན་གཉེར་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་རྒྱ་རིགས་ཚོ་ཕ་མེས་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་སྡོད་ཀྱི་ཡོད་པ་རེད། 龙树菩萨 ཟེར་ན་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་རེད། དེ་ཚང་མས་ཤེས་པ་ཞིག་རེད་འདུག དེ་ལ་གནད་འགག་ཅིག་མཐོང་སོང་། 

གཞེས་ཉིན་ནས་གཟུགས་པོ་བདེ་བོ་བྱུང་ན་ཉིན་གཉིས་རིང་བསྙེན་རྫོགས་ག་ཚོད་ཚར་ཚར་ཞིག་ཉིན་བྱེད་རྒྱུར་བལྟ་བཞིན་བལྟ་བཞིན་བྱེད་ཀྱི་ཡིན། དེ་ནས་ཚེས་ ༢༥ ཉིན་སློབ་གྲྭའི་སློབ་མ་མང་པོ་ཞིག་ལ་ཐུག་རྒྱུ་ཡོད། གཞན་ཐོག་མཐའ་བར་གསུམ་དུ་དགེ་བ་ཡག་པོ་བྱུང་། 

དེ་རིང་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བྱེད་རྒྱུ་དང་། རྗེ་རིན་པོ་ཆེས་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཀྱི་མཚན་ལ་སྒྲུབ་ཐབས་ཟ་མ་ཏོག་གསུངས་པ་རེད། དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་ཞེས་གསུངས་འདུག མཚན་ལ་བདུད་ལས་རྣམ་རྒྱལ་གསུངས་པ་ལྟར་བཅུ་གསུམ་མའི་བདག་བསྐྱེད་ཀྱི་ནང་དུ་ཕལ་ཆེར་ཁྲོ་བཅུ་དེ་མི་འདུག་བསམ་བྱུང་། དཔའ་གཅིག་དུ་ཁྲོ་བཅུ་དེའང་གསུངས་ཡོད་པ་རེད།  ནམ་རྒྱུན་ང་རང་ཚོས་དཔའ་བོ་གཅིག་པ་ཆགས་མེད་ཀྱིས་འདོན་དགོས་ཀྱི་ཡོད་པ་རེད་ལ། དེའི་ཐོག་ལ་ཁྲོ་བཅུའི་སྔགས་རིང་དེ་ལ་ཁྱོད་རང་ཚོས་དོན་གཉེར་བྱས་ནས་བློ་ལ་བཟུང་སྟེ། དུས་དང་དུས་ལ་ཁྲོ་བཅུའི་སྔགས་རིང་དེ་བཏོན་པ་ཡིན་ན་ཡག་པོ་ཡོད་པ་རེད། དེ་ནས་ཁ་ཉིན་ཞུས་ཟིན་པ་ལྟར་རྡོ་རྗེ་འཇིགས་ལ་བྱེད་ཞི་ཁྲོ་སྐུ་གཉིས་ཀ་ཚང་བ་ཞི་ཁྲོ་སྦྲགས་སྒྲུབ་ཡོད་པ་དེ་ཐུན་མོང་མ་ཡིན་པ་རེད། བདེ་གསང་ལ་སོགས་པ་གཞན་པ་ཚོར་དེ་ལྟ་བུའི་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་གནད་དེ་དག་གསུངས་ཡོད་པ་མ་རེད། འཇིགས་བྱེད་ལ་རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཕགས་པ་འཇམ་དཔལ་གྱི་ཞལ་གཅིག་དང་། ཞི་ཁྲོ་སྦྲགས་སྒྲུབ་བྱེད་ཆེད་དུ་འཇམ་དཔལ་གྱི་ཞལ་ཞི་བའི་ཉམས་ཡོད་པ་ཡིད་ནས་ཡུལ་ཙམ་དྲན་པ་དེ་ཙམ་མ་གཏོགས་དྲག་པོའི་རྣམ་པ་མེད་པ་དང་། དེ་ནས་སྲིན་ཞལ་དེ་ཞལ་རས་ཁྲག་འཛག་མ་ཟེར་བ་དེ་གང་ལྟར་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པ་རྟ་མགྲིན་གྱི་ཞལ་རས་ཤིག་རེད། ཡང་། འཇིགས་བྱེད་ཀྱི་ལས་ཚོགས་ཁ་ཤས་སུ་རྟ་མགྲིན་ཐུགས་ཀ་ལ་སྒོམ་རྒྱུ་དེ་འདྲའང་ཡོང་གི་འདུག དེ་ཡིན་ཀྱང་རེད། མཁྱེན་པ་དང་བརྩེ་བ་གཉིས་ག་དུས་ཡིན་ནའང་མཉམ་དུ་འགྲོ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ཁྲོ་བཅུའི་སྔགས་རིང་དེར་ཁྱོད་རང་ཚོས་དོ་སྣང་ཞིག་བྱོས།  དེ་བཞིན་ཁྲོ་བཅུ་བསྲུང་འཁོར་སྒོམ་པའི་སྐབས་སུ་ཁྲོ་བཅུའི་སྔགས་རིང་བསགས་ནས་གནད་བཞི་སོགས་ཁྲོ་བཅུའི་སྐབས་སུ་དམིགས་རིམ་བྱེད་རྒྱུ་མང་པོ་ཡོད་པ་རེད། གཙོ་བོ་འཇིགས་བྱེད་ཀྱི་བདག་བསྐྱེད་བཏོན་ནའང་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བསམ་བློ་གཏོང་བ་དེ་གལ་ཆེ་ཤོས་རེད། མཁྱེན་སོང་ངམ། དེ་ཡང་། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ།། དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན།། གདུལ་དཀའ་འདུལ་བའི་དོན་མཛད་པ།། རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ།། ཞེས་དང་། ནམ་རྒྱུན་གསུངས་སྲོལ་དུའང་། རྡོ་རྗེ་འཇིགས་བྱེད་ཐོག་བཟུང་ནས།། ཁྲོ་བོ་ཆོས་རྒྱལ་ལག་ཆར་འཕྱར།། ཟེར་བ་ལྟ་བུ་དང་། ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་བརྔུབ་ཟེར་བ་ལྟ་བུ་ནི་སྙན་ངག་གི་སྐད་ཆ་རེད། ཡིད་ཆེས་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་བརྔུབ་ཐུབ་ཀྱི་ཡོད་ན་འཛམ་བུ་གླིང་འདིའི་མི་སྡུག་ཅག་ཚོ་བརྔུབ་བཞག་ན་ཡག་ཤོས་རེད། འཇིག་རྟེན་བཀོད་པ་པོས་བཀོད་པའི་ནང་དུ་མི་སྡུག་ཅག་དེ་འདྲ་ཡོད་པ་ག་རེ་བྱས་ནས་དཀོན་མཆོག་གིས་བཀོད་པ་རེད་ཅེས་ཟེར་དུས་ཡེ་ཤུ་ཆོས་པ་ཚོར་དཀའ་ངལ་གཅིག་རེད། ང་རང་ཚོ་ལའང་རྔུར་ཡ་གི་ནུས་པ་ཡོད་བཞུན་དུ་སྡིག་ཅག་དེ་དག་ག་རེ་བྱས་ནས་བཞག་པ་རེད། གཅིག་མཚུངས་རེད། 

དེར་བརྟེན་གཙོ་བོ་རྣལ་འབྱོར་བླ་མེད་སྐུ་གསུམ་ལམ་འཁྱེར་ཟེར་བ་དེ་བླ་མེད་སྤྱིའི་འགྲོ་སྟངས་རེད། དེ་དག་ལ་ཟབ་གནད་ཆ་ཚང་ཡོད་པའི་ཐོག་ཏུ་ཞི་བ་སྒྲུབ་དགོས་པ། ཞི་བ་གཙོ་བོར་སྒྲུབ་ནས་དྲག་པོ་ཞར་ལ་འགྲུབ་པ། དྲག་པོ་གཙོ་བོར་སྒྲུབ་ནས་ཞི་བ་ཞར་ལ་འགྲུབ་པ་ཞེས་གསུངས་བསྡད་པ་དེ་རེད། ཞི་ཁྲོ་སྦྲགས་སྒྲུབ་མང་པོ་ཡོད་པ་རེད། དེ་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ།། དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན།། གདུལ་དཀའ་འདུལ་བའི་དོན་མཛད་པ།། ཞེས་པའི་གདུལ་དཀའ་བ་དེ་ཕྱི་ལོགས་ཀྱི་གདུལ་དཀའ་བ་ཕལ་ཆེར་མ་རེད། འདུལ་དཀའ་བ་དེ་བདེན་འཛིན་དང་རང་གཅེས་འཛིན་རེད། དེ་འདུལ་བར་བྱེད་པ་གཙོ་བོ་ཤེས་རབ་ཀྱི་ལྷ་རེད། ཅེས་སོགས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་བ་རྗེས་ཆུ་ཚོད་ ༩ པ་ཙམ་ལ་བཀའ་དབང་གནང་སྒོ་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༢ ཙམ་ལ་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དམིགས་བསལ་གྱི་དགོས་ཆོས་ནི་ཞི་ཁྲོས་སྦྲགས་སྒྲུབ་གཙོ་བོ་རེད། དེར་བརྟེན་ཁྱོད་རང་ཚོས་དེ་རིང་ནས་བཟུང་ཞི་ཁྲོའི་སྐུ་འབྲིང་ཙམ་པ་དང་། ཞི་ཁྲོའི་འདོན་པ་ཡ་མ་ར་ཛ་གི་མགོར་ཨ་ར་པ་ཕྲེང་སྐོར་རེ་དེ་རིང་ནས་ཡག་པོ་ཞིག་བགྲངས་དགོས་པ་རེད། ཞེས་སོགས་བཀའ་སློབ་སྩལ་སྟེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།