འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་སྩལ་བ།

མདུན་ངོས། / འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༦།༠༠ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཀའ་དབང་གི་སྒྲུབ་ཞག་མཛད་པ་དང་། ཆུ་ཚོད་ ༨།༣༠ ཙམ་ལ་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། 

ཟླ་བ་གཅིག་དང་ཕྱེད་ཙམ་གྱི་རིང་སྦང་བྷེ། འབྲས་སྤུངས། དགའ་ལྡན། སེ་ར་བཅས་སུ་ཡུན་རིང་པོ་ཞིག་ཏུ་མི་ལ་ཐུག་ནས་སྐད་ཆ་བཤད་པ་སོགས་བྱས་པས་ཏོག་ཙམ་ཐང་ཆད་ཀྱི་འདུག །ཁ་སང་བཤད་པ་ལྟར་སང་ཉིན་གུང་སེང་དང་། གནངས་འཇིགས་བྱེད་དཔའ་གཅིག་གི་དབང་ཉུང་ཉུང་ཡིན་པས་དཀྱིལ་འཁོར་གྱི་ཆོ་ག་ལ་ཆ་བཞག་ན་འཇིགས་བྱེད་ཀྱི་དཀྱིལ་འཁོར་དེ་བདག་མདུན་འཇུག་པ་གཅིག་བྱས་ཏེ་འགྲོ་བཞིན་ཡོད་པས་ལས་སླ་བ་འདུག  །བདེ་གསང་བདག་མདུན་འཇུག་པ་ཐ་དད་བྱས་ཏེ་འགྲོ་བཞིན་ཡོད་པས་འདོན་པ་མང་པོ་འདུག །དེར་བརྟེན་སང་ཉིན་བར་གསེང་བཞག་སྟེ་གནངས་ཉིན་འཇིགས་བྱེད་དཔའ་གཅིག་གི་དབང་དེ་འཇིགས་བྱེད་ལྷ་བཅུ་གསུམ་མ་ལས་འདོན་བདེ་བ་དང་། བདེ་མཆོག་གི་དབང་དེ་ད་ལྟ་བྱེད་མི་དགོས་པ་བྱས་ཏེ་གནས་སྐབས་འཇོག་གི་ཡིན། རྗེས་ལ་དུས་ཚོད་ཅིག་འགྲིག་གི་རེད། དེ་ལྟར་བྱས་ན་དྲན་སོང་། ཞེས་སྐུ་ཐང་ཆད་པའི་དབང་གིས་བདེ་མཆོག་གི་དབང་ད་རེས་མི་གནང་རྒྱུ་བཀའ་ཕེབས་པ་དང་། 

གཞན་ཡང་། འཇིགས་བྱེད་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་ཁ་སང་ཞུས་ཟིན་པ་རེད། གཤིན་རྗེ་གཤེད་ཅེས་པའི་གཤིན་རྗེ་ལ་ཕྱི་ཡི་གཤིན་རྗེ་དང་ནང་གི་གཤིན་རྗེ། གསང་བའི་གཤིན་རྗེ་གསུམ་འཇོག་གི་ཡོད་པ་བཞིན། གཤིན་རྗེ་གཤེད་དེ་ལའང་དེ་ལྟར་གསུམ་ཡོད། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད།། ཅེས་ཕྱི་ནང་གསང་གསུམ་འཇོག་གི་ཡོད་པ་རེད། མདོ་དོན་སྙིང་པོ་ཁ་སང་ཞུས་པ་ལྟར་ཤེས་རབ་ཀྱི་ལྷ་ཐུན་མོང་མ་ཡིན་པ་ཞིག་རེད། དེར་བརྟེན། རྗེ་རིན་པོ་ཆེའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་མགོར་དེར། སྐལ་ལྡན་ཐར་ལམ་སྒྲུབ་ལ་གཙོ་བོའི་གེགས།། སེམས་བྱུང་རྨོངས་པ་ལས་འཇོམས་གཤིན་རྗེ་སྟེ།།  རྨོངས་འཇོམས་ཤེས་རབ་སྩོལ་ལ་འཇམ་དབྱངས་མཆོག། འཆི་བདག་འཇོམས་པའི་ཕུལ་བྱུང་འཇིགས་བྱེད་དོ།། ཞེས་སྐལ་བ་དང་ལྡན་པའི་གདུལ་བྱ་ཐར་ལམ་སྒྲུབ་པ་ལ་བསླབ་པ་གསུམ་གྱི་ཉམས་ལེན་འགྲོ་དགོས་ཀྱི་ཡོད་པ་དང་། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བ་བསྒོམ་དགོས་ཀྱི་ཡོད་པ་རེད། དེར་བརྟེན། ཆོས་རབ་ཏུ་རྣམ་འབྱེད་ལ་བསམ་བློ་ཡག་པོ་གཏོང་ཐུབ་མཁན་གྱི་ལུས་རྟེན་འདི་ཐར་ལམ་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ཆགས་ཡོད། འཛམ་བུའི་གླིང་གི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞེས་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་ལེན་བྱེད་མཁན་གྱི་རྟེན་མཆོག་ཏུ་གྱུར་པ་རེད། འཆི་བདག་གཤིན་རྗེ་ཞེས། གང་ལྟར་གཤིིན་རྗེའི་ཐ་སྙད་ལ་འཆི་བདག་ཅེས་པ་ཞིག་གསུངས་འདུག། རྒྱ་གར་གྱི་མའེ་སོར་ལ་སྔར་སྐུ་དེ་འདྲ་ཞིག་ཡོད་པ་རེད། གཤིན་རྗེའི་སྐུ་ཞིག་ཡོད་པ་རེད། སྐབས་དེ་དང་དེའི་རྒྱ་གར་གྱི་ལོ་རྒྱུས་ཤིག་ཀྱང་ཡོད་པ་ལྟ་བུ་འདུག 

ལྷོ་ཕྱོགས་ས་འོག་རིམ་པ་བདུན།། སྒོ་མེད་མུན་ཁང་བཅུ་དྲུག་ན།། ཆོས་ཀྱི་རྒྱལ་པོ་ལས་ཀྱི་སྐུ།།ཞེས་སོགས་དྲངས་སྟེ། གཤིན་རྗེའི་སྐོར་ལ་འགྲེལ་བཤད་དང་། དེ་ནས་བགེགས་གཏོར་དང་འབྲེལ་གཉིད་ལས་སད་པའི་སྐབས་སུ་དགའ་སྣང་ཡོང་ན་བཟང་བ་དང་། སྡུག་སྣང་ཡོང་ན་མི་བཟང་བ། ཧ་ཅང་དགའ་སྣང་ཤུགས་ཆེན་པོ་ཡོང་ན་བར་ཆད་ཡོང་བའི་རྟགས་ཡིན་པ་སོགས་དབང་སྟ་གོན་གྱི་སྐབས་དང་འབྲེལ་བའི་རྨི་ལམ་བརྟག་ཚུལ་གྱི་སྐོར་བཀའ་སྩལ་བ་དང་། དེ་ནས་མདུན་བསྐྱེད་དང་དབང་བསྐུར་བ་སོགས་རིམ་པར་གནང་།

ཡང་། གསང་སྔགས་ཀྱི་ཆོས་སྐོར་དང་འབྲེལ་ནས་རྒྱ་གར་གྱི་མཁས་པ་ཞིག་གིས་ནང་པའི་བསྟན་པ་ཉམས་པའི་རྒྱུར་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ།  དང་པོ། ཆོས་བྱེད་དགེ་འདུན་པ་རྣམས་རྒྱུ་དངོས་ལ་ཆགས་ཏེ་ཕྱུག་བདག་ཏུ་གྱུར་པས་མང་ཚོགས་ཀྱི་དད་པ་ཉམས་པ་དང་། གཉིས་པ། གསང་སྔགས་དར་ཁྱབ་ཏུ་གྱུར་ཏེ་དེ་ལ་ཁ་གཡར་ནས་རིག་མ་བསྟེན་པ་སོགས་འཆལ་སྤྱོད་མང་དུ་བྱུང་བས་མང་ཚོགས་ཀྱི་དད་པ་ཉམས་པ། གསུམ་པ། ཡུལ་གྱི་རྒྱལ་པོ་རྣམས་རིམ་པས་མུ་སྟེགས་པའི་སྦྱིན་བདག་ཏུ་གྱུར་པ་བཅས་གསུམ་ལ་བརྟེན་ནས་ནང་པའི་བསྟན་པར་ཉམས་ཆག་བྱུང་ཡོད་སྐོར་གསུངས་ཡོད་པ་ལུང་འདྲེན་གནང་བ་སོགས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་རིམ་པ་མུ་མཐུད་སྩལ་བ་དང་། ཆུ་ཚོད་ ༡༢།༠༠ ཙམ་ལ་འདི་ཡན་ཆད་དུ་དེ་རིང་གི་འཇིགས་བྱེད་ཀྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་ཟིན་པ་དང་། སང་ཉིན་ངལ་གསོ་རྒྱག་གི་ཡིན། གནངས་ཉིན་མོ་འཇིགས་བྱེད་དཔའ་གཅིག་གི་དབང་བྱ་རྒྱུ་དང་། དེ་རིང་ཏོག་ཙམ་ཐང་ཆད་ཀྱི་འདུག་པས་བདེ་མཆོག་གི་དབང་མ་འོངས་པར་བྱ་རྒྱུ་བྱེད། དེ་ལྟར་ཡིན་ཞེས་བཀའ་སློབ་སྩལ་རྗེས་མཎྜལ་ཕུལ་སྟེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་གི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།