རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་བཀའ་དྲིན་རྗེས་དྲན་མཆོད་འབུལ་དུ་ཆིབས་བསྒྱུར།

མདུན་ངོས། / རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་བཀའ་དྲིན་རྗེས་དྲན་མཆོད་འབུལ་དུ་ཆིབས་བསྒྱུར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གིས་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་རྗེས་དྲན་མཆོད་འབུལ་རྒྱས་པ་ཞིག་མཆོད་རྟེན་རིན་པོ་ཆེའི་ནང་སྔ་འགྱུར་རྙིང་མའི་སྨོན་ལམ་ཉིན་དང་པོའི་ཚོགས་དུས་གཉིས་པའི་སྐབས་དང་བསྟུན་གོ་སྒྲིག་གནང་བའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ཕེབས་འཁོར་ལ་བཞུགས་ཏེ་མཆོད་རྟེན་ཆེན་པོའི་རྒྱབ་ཀྱི་དམིགས་བསལ་ཕེབས་སྒོ་བརྒྱུད་སྔ་འགྱུར་རྙིང་མའི་སྨོན་ལམ་ཉིན་དང་པོའི་ཚོགས་དུས་གཉིས་པ་དང་སྟབས་བསྟུན་རྣམ་རྒྱལ་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་བཀའ་དྲིན་རྗེས་དྲན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སྒོ་ཆེན་དུ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་ཀ་ཐོག་དགེ་རྩེ་རིན་པོ་ཆེ། གཞན་ཡང་མཁན་བླ་སྤྲུལ་ཁག་ཅིག་གིས་ཕེབས་བསུ་དང་བཅས་ཐོག་མར་མཆོད་རྟེན་ཆེན་པོའི་རྟེན་གཙོར་བཞུགས་པའི་ཐུབ་དབང་སྐུ་བརྙན་ལ་མཆོད་མཇལ་ཞུས་རྗེས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་པ་དང་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ཞེས་པ་དབུ་འབྱེད་བཀའ་དྲིན་བསྐྱངས། དེ་རྗེས་སྨོན་ལམ་གསུངས་འདོན་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༡ མ་ཟིན་ཙམ་ལ་བཀའ་དྲིན་རྗེས་དྲན་གྱི་འཆོད་འབུལ་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་ཞལ་བསྒྱུར་ཡོད་པ་རེད།

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་གོ་སྒྲིག་ཞུས་པའི་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་རྗེས་དྲན་མཆོད་འབུལ་རྒྱས་པ་འདི་བཞིན། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ནི་བོད་དང་བོད་མི་རིགས། བོད་ཀྱི་ཆོས་རིག་དང་བཅས་པར་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞིང་། རང་ཅག་ཁ་བ་གངས་ཅན་པའི་ལྷ་སྐལ་དུ་གྱུར་པར་མ་ཟད། ལྷག་པར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི་༸རྒྱལ་དབང་ན་རིམ་གྱི་ཐུགས་རྗེའི་གྲིབ་བསིལ་དང་། རྗེས་བརྩེའི་གཟིགས་པ་བླ་མེད་ཀྱི་འོག་ཏུ་སྐལ་བཟང་བདེ་སྐྱིད་དང་མི་ལོ་ཧྲིལ་པོ་ ༤༤༤ ལྷག་འཚོ་སྐྱོང་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་འབུལ་གཟབ་རྒྱས་ཤིག་གོ་སྒྲིག་སྨིན་ཚོགས་ཞུ་འཆར་དགོངས་སྐོར་ལྷ་སྙན་སྒྲོན་འབུལ་དང་བཀའ་བཞེས་ཕེབས་པ་ལྟར་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག