སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ།

མདུན་ངོས། / སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༦ བར་ཉིན་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས། གཞན་ཡང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྗེས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་འཕེལ་རྒྱས་གླིང་ནས་ཆེན་པོ་ཧོར་ཡུལ་གྱི་བླ་མ་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དང་། རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་དམ་ཆོས་མཆོག་སོགས་ནས་སྤྱན་རྒྱ་སྤོས་སྣེས་མདུན་བསུས་ཏེ་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་ཞེས་པའིི་གསུང་གཞས་ཀྱི་མཆོད་འབུལ་དང་བཅས་ཕེབས་བསུ་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་དབང་གི་སྒྲུབ་ཞག་མཛད་པ་དང་། ཆུ་ཚོད་ ༩ ཙམ་ལ་བཞུགས་ཁྲིར་༸ཞབས་སོར་མཚམས་ཐོག་མར་ཝེ་ཏི་ནམ་སོགས་ཀྱིས་སོ་སོའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་བཀའ་སློབ་སྩལ་དོན། 

ཉེ་སྔོན་རྒྱ་གར་སོགས་ཡུལ་གྲུ་མི་འདྲ་བའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་པ་རེད། ཡུལ་གྲུ་དེ་དག་ནས་ཤེས་རབ་སྙིང་པོ་འདོན་བཞིན་པ་དེ་ནི་ལོ་སྟོང་ཕྲག་རིང་བཏོན་པའི་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་ཡོད། དེས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཅེ་ན། གནས་འདི་ནས་མངོན་པར་རྫོགས་པའི་སངས་རྒྱས་ནས་རིམ་བཞིན་བདེན་བཞིའི་ཆོས་འཁོར་དང་། ལྷག་པར་དུ་ཤེར་ཕྱིན་གྱི་ཆོས་འཁོར་ལ་སོགས་པ་མཛད་ནས་ཨེ་ཤ་ཡ་ཡོངས་རྫོགས་ལ་ཁྱབ་པ་ལྟ་བུ་བྱུང་འདུག འདོན་པ་འདོན་མཁན་གྱི་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་དུས་ཀྱི་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། ཡིན་ནའང་། སོ་སོའི་ཕ་མེས་ཀྱི་སངས་རྒྱས་པའི་ཆོས་ད་དུང་བདག་ཉར་བྱས་ཡོད་པ་ལ་རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། 

ང་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱས་ཏེ་བཟུང་བསྡད་པ་ནི་འགྲན་བསྡུར་གྱི་སྐད་ཆ་མ་རེད། ཆོས་ལུགས་བསྒྱུར་བའི་སྐད་ཆའང་མ་རེད། དེར་བརྟེན། ཁྱོད་རང་ཚོས་མི་རབས་ནས་མི་རབས་ལ་བདག་པོ་སྐྱོན་ནས་ད་ལྟའི་དུས་རབས་ ༢༡ པའི་ནང་དུ་དངོས་པོ་ཡར་རྒྱས་ཆེན་པོ་དང་། རྣམ་གཡེང་འདུ་འཛི་འཁྲུགས་ཆ་དོད་པོ་ཡོད་པའི་སྐབས་ལ་ད་དུང་ཉར་ཚགས་བྱས་ཡོད་པ་ཧ་ཅང་ཡག་པོ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་ཡོད་པ་རེད། ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་པ་ལྟར་ལམ་དང་ལུགས་སྲོལ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་སངས་རྒྱས་པའི་ལྟ་གྲུབ་འདི་ཏག་ཏག་རན་པོ་ཡོད་པ་ཞིག་དང་། སངས་རྒྱས་པའི་ལྟ་གྲུབ་འདིའི་ཐོག་ནས་བློ་མ་བཏུལ་བ་ཆགས་སྡང་གི་བྲན་གཡོག་ལ་ཡོད་པ་དེ་ཉིད་ག་ལེར་འགྱུར་བ་འགྲོ་བར་སེམས་ཁམས་རིག་པའི་ནང་དུ་ཆ་རྐྱེན་གནད་འགག་ཆེན་པོ་རེད་འདུག ཅེས་བཀའ་སྩལ་བ་དང་། བྱང་སེམས་ཀྱི་སྡོམ་པ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་རིམ་པར་སྩལ།

དེ་རྗེས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བདག་ཅག་སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་པའི་སླད་དུ། གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་མ་དགོན་དང་བཅས་པ་དང་། ཆེན་པོ་ཧོར་ཡུལ་གྱི་དད་ལྡན་ཆོས་ཞུ་བ་སོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་རྡོ་རྗེ་སློབ་དཔོན་ཆེན་པོ་ཧོར་ཡུལ་གྱི་བླ་མ་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སོག་པོའི་དགེ་འདུན་པ་དང་། གམ་བཅར་འདུས་དམངས་ནས་ཚེ་སྦྱིན་སྒྲོལ་དཀར་ཡིན་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་བདུན་སྔོན་སོང་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཐོག་མར་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུངས་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་། རིམ་བཞིན་བླ་མ་ལྷར་བསྐྱེད་ནས་མཐར་ཆགས་སུ་མཆོད་ཕྲེང་། བསྟོད་པ། བཟླས་པ་བཅས་སོང་ནས་རྩ་རུའི་ཚོགས་འཁོར་ལ་ཐོག་མར་ཀུན་བཟང་མཆོད་སྤྲིན་གྱིས་བྱིན་རླབས། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་གསུངས་རྗེས། རྩ་རུའི་ཚོགས་འཁོར་འབུལ་བཞེས་མཛད། དེ་ནས་གསོལ་འདེབས་མཎྜལ་གསུང་བསྐུལ་གྲུབ་བསྟུན། དབུ་བཞུགས་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་མཆོག་གིས་མཎྜལ་ཚོམ་བུ་འབུལ་བཞེས་དང་རིམ་བཞིན་སྐུ་རྟེན་དང་གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། སྣ་བདུན། རྟགས་བརྒྱད། རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་བཞེས་གནང་རྗེས་མཇལ་ཁ་ཞུས་པ་སོགས་རིམ་བཞིན་བོད་ཀྱི་ཟློས་གར་ཚོགས་པས་གླུ་གར་གྱི་མཆོད་པ་དང་། སོག་པོའི་གཞོན་སྐྱེས་ཕོ་མོ་ཁག་ཅིག་གིས་གྲུབ་པའི་རོལ་མོ་ཚོགས་པ་Jonon ཞེས་པའི་སོག་སྐད་ཀྱི་ལམ་ནས་བསྟོད་གཞས་གཟིགས་འབུལ་ཞུས་ཏེ། གཏང་རག་མཎྜལ་འདེགས་འབུལ་དང་མཆོག་གསུམ་ཤིས་བརྗོད་སོགས་གསུང་འདོན་ལེགས་པར་གྲུབ་རྗེས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་ཐུགས་རྗེ་ཆེན་པོའི་དབང་ཆེན་གྲུབ་ནས་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་དང་། སོག་པོའི་ཡུལ་ཁག་བཅས་ནས་བརྟན་བཞུགས་གནང་བ་རེད། སོག་པོ་ཁ་ཤས་ཆེད་མངགས་སོག་ཡུལ་ནས་སླེབས་འདུག རིན་པོ་ཆེའི་ཡུལ་གྱི་འགོ་ཁྲིད་མང་པོ་ཞིག་ཀྱང་སླེབས་འདུག ད་སྔུན་ཐུག་རྒྱུ་བྱུང་། དེ་རིང་ཁྱོད་རང་ཚོ་ཚང་མས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སྒོ་ནས་བརྟན་བཞུགས་གནང་བ་རེད། ད་ལྟ་ཡོད་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་མི་རབས་གཅིག་གི་ནང་ལ་བསགས་ནས་ཆགས་པ་མ་རེད། མི་རབས་མང་པོའི་རིང་མར་འཁྱེར་ཡོང་བ་ཞིག་རེད། ཁྱོད་རང་ཚོས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འདི་ལྟར་བརྟན་བཞུགས་གནང་བ་རེད། ཚང་མས་ཁ་ཞེ་གཉིས་མེད་དང་རྒྱབ་མདུན་མངོན་ལྐོག་མེད་པའི་ཐོག་ནས་བརྟན་བཞུགས་སྨོན་ལམ་གནང་བས་གནས་ཀྱི་ཁྱད་པར་དང་། དགེ་འདུན་འདུས་པ་རྒྱ་མཚོ་ཡོད་པ་ཡིན་པས་དེའི་ཚོད་ཀྱི་ནུས་པ་ཞིག་ཏན་ཏན་ཡོང་གི་རེད། ཁྱོད་རང་ཚོ་ཚང་མས་དཀའ་ལས་བརྒྱབ་ནས་འདིར་ཡོང་བ་དང་། སྔོན་ལ་སྤྱི་བཤད་དེ་དག་མཇུག་ཏུ་དགེ་བ་ཆགས་བསྡད་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ཁ་སང་ཐུགས་རྗེ་ཆེན་པོའི་དབང་གི་སྟ་གོན་དང་དེ་རིང་དངོས་གཞི་རེད། བར་དུ་སེམས་བསྐྱེད་བྱས་པ་རེད། ཆོ་གའང་ཕལ་ཆེར་ཆ་ཚང་བ་ཞིག་བྱུང་ཡོད་པ་རེད། ཁྱོད་རང་ཚོ་བྲེལ་བ་ཡོད་མཁན་ཚོ་སོ་སོའི་རང་གནས་སུ་ཕྱིན་པ་ཡིན་ན་བློ་བདེ་བོ་བྱས་ནས་རྒྱུགས། འདིར་སྐད་ཆ་བྱུང་བ་བཞིན་སེམས་པ་བཟང་པོ་བྱེད་པ་དང་། བསམ་ཐུབ་ན་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་བསམ་བློ་གཏོང་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད། དེའི་ཐོག་མ་ཎི་ཡག་པོ་བགྲོངས། དེ་ལྟར་ཡིན། གནངས་བཞེས་ཉིན་བཞུགས་མཁན་ཚོར་ཡང་བསྐྱར་སྐད་ཆ་བཤད་རྒྱུ་ཡོང་གི་རེད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས་བཅས་བཀའ་ཕེབས་ཏེ་ཉིན་གསུམ་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།