ཁ་ཆེའི་ཤི་ཡ་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གིས་༸གོང་ས་མཆོག་ལ་ཆེ་བསྟོད།

མདུན་ངོས། / ཁ་ཆེའི་ཤི་ཡ་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གིས་༸གོང་ས་མཆོག་ལ་ཆེ་བསྟོད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༨  ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཨ་རབ་དང་ཨ་ཧྥུ་རི་ཀའི་སློབ་གཉེར་བལྟེ་གནས་དང་།   Qutbi jubilee scholarship Program  ཞེས་ཁ་ཆེའི་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ཡེ་ཤུ་དང་ཁ་ཆེ། ཧིན་དྷུ། སིག་དང་ཇེན། མཇེའུ་སོགས་ཀྱི་བླ་ཆེན་དབུ་བཞུགས་གནང་བའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཤིག་གི་ཐོག་སྐུ་མགྲོན་གཙོ་བོའི་ངོ་བོར་གདན་ཞུ་གནང་ཡོད་པ་དང་།   ལྷན་ཚོགས་དེའི་ཐོག་ནས་ཁ་ཆེའི་ཤི་ཡ་བྷོ་ར་ཆོས་ལུགས་ཀྱི་དབུ་ཁྲིད་ Syedna Taher  Fakhruddin Saheb  མཆོག་ནས་༸གོང་ས་མཆོག་གིས་འཛམ་གླིང་དུ་ཞི་བདེ་གོང་སྤེལ་དང་། ཆོས་ལུགས་དང་མི་རིགས་སོགས་ཀྱི་དབྱེ་འབྱེད་མེད་པར་འགྲོ་བ་མིའི་རིགས་ཀྱིས་གཅིག་མཚུངས་ཀྱི་འདུ་ཤེས་འོག་མཐུན་འབྲེལ་མཉམ་གནས་ཆེད་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་དང་ཧིན་སྒོར་འབུམ་བཅུ་ཕུལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཨ་རབ་དང་ཨ་ཧྥུ་རི་ཀའི་སློབ་གཉེར་བལྟེ་གནས་དང་། ཁ་ཆེའི་ཆོས་ལུགས་ཀྱི་ངོས་ནས་ལྷན་ཚོགས་དེ་གོ་སྒྲིག་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་།   དེང་སྐབས་འཛམ་གླིང་ནང་ཁ་ཆེའི་ཆོས་ལུགས་པར་ལྟ་སྟངས་ངན་པ་ཞིག་ཡོད་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་སོགས་བཀའ་སློབ་སྩལ་བ་མ་ཟད། ༩།༡༡ དོན་རྐྱེན་དེའི་རྗེས་ནས་དངོས་སུ་ཕྱི་ལ་ཐོན་ནས་ཁ་ཆེའི་ཐོག་འཛིན་པའི་བསམ་ཚུལ་དེར་ཁས་ལེན་རྩ་བ་ནས་མེད་པ་གསལ་པོར་བཤད་ཀྱི་ཡོད་ཅེས་སོགས་བཀའ་སྩལ་བ་དང་། 

གཞན་ཡང་། ཆོས་ལུགས་ཆེ་ཁག་ཕན་ཚུན་དང་ཆོས་ལུགས་པ་ནང་ཁུལ་དུ་རྙོག་དྲ་ཕྲན་བུ་ཡོང་གི་ཡོད་ནའང་།    སྤྱི་ཡོངས་ནས་ཆོས་ལུགས་ཚང་མའི་བསླབ་བྱ་ནི་བྱབས་བརྩེ་དང་ཞི་བདེ་མཉམ་གནས་བྱེད་རྒྱུ་དེ་ཡིན་སྟབས་རྒྱུན་དུ་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པའི་སྐོར་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།