རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་བ།

མདུན་ངོས། / རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧  ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད།  

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེར་བྱེས་གྲྭ་ཚང་གི་ཆོས་རྭའི་ནང་དུ་༸ཞབས་སོར་འཁོད་བསྟུན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག སེ་ར་བྱེས་སྨད་གཉིས་ཀྱི་མཁན་ལས་ཟུར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སོགས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། འདིར་སེ་ར་ཆོས་སྒར་དུ་འབྱོར་དུས་སེར་བྱེས་གྲྭ་ཚང་ནས་རྟ་མགྲིན་ཡང་གསང་གི་དབང་ཞིག་བྱུང་ན་ཞེས་གསུང་གི་འདུག རྩ་བའི་རྟ་མགྲིན་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ཚན་བླ་མེད་ཆོས་འཁོར་རེད། སྤྱིར་དུས་འཁོར་དབང་ཆེན་ལྟ་བུར་ཆ་བཞག་ནའང་། བླ་མེད་ཆོས་འཁོར་ཡིན། སྤྱིར་བླ་མེད་ཆོས་འཁོར་རིགས་ཉི་ཤུ་རྩ་ལྔ་མན་ཆད་གནང་རྒྱུའི་ལུགས་སྲོལ་ཡོད། ནམ་རྒྱུན་དེ་ལྟ་བུའི་དོ་དམ་པོ་གནང་སྲོལ་མེད། སློབ་མའི་མཚན་ཉིད་གཙོ་བོ་དད་པ་རེད། དད་པ་སྨོས་མི་དགོས་པར་ཁྱེད་རང་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་འདུག མཚན་ཉིད་གཙོ་བོ་འདི་རེད། མང་ཚོགས་རང་ལ་དབང་བྱས་ན་འགྲིག་གི་རེད་བསམས་པ་དྲན་བྱུང་།  ངོས་ཀྱིས་མོ་བརྒྱབ་པ་ཡིན། མོ་ཧ་ཅང་བཟང་པོ་འདུག དེ་རིང་འདིར་རྟ་མགྲིན་གྱི་དབང་བྱ་རྒྱུ་འདི་ལྟར་ཡིན། རྟ་མགྲིན་ནི་སྤྱན་རས་གཟིགས་ཁྲོ་བོའི་རྣམ་པར་ཤར་པ་ཡོངས་གྲགས་རེད། ང་ཚོ་བོད་གངས་ཅན་གྱི་ཞིང་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་བཤད་རྒྱུ་ཡོད་པ་མ་ཟད། ལུང་དང་དེ་འདྲའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ལ་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པ་ཧ་ཅང་གསལ་པོ་རེད། ངོས་ལ་ཆ་བཞག་ནའང་ཚེ་རབས་མང་པོར་ལས་དང་སྨོན་ལམ་གྱི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་འདེགས་འཕྲིན་ལས་སྒྲུབ་མཁན་ཡིན་བསམ་པ་དྲན་གྱི་ཡོད་པ་མ་ཟད། དེ་ལྟར་ཡིན་པ་ལྟ་བུ་ཞིག་ཀྱང་རེད། རྟ་མགྲིན་དེ་སྤྱན་རས་གཟིགས་ཁྲོ་བོའི་རྣམ་པར་ཤར་པ་ཡིན་དུས། ང་ཚོ་བོད་གངས་ཅན་དང་ཕྱོགས་གཅིག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད།  བོད་གངས་ཅན་ལྗོངས་ཀྱི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཕལ་ཆེ་བ་དང་སྤྱན་རས་གཟིགས་ཞི་ཁྲོའི་སྐུ་ཡོད་པ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པ་དང་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད། དེར་བརྟེན་དེ་རིང་རྟ་མགྲིན་ཡང་གསང་གི་དབང་བྱས་ན་བསམ་པ་དྲན་པ་རེད།

ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་ལ་བསླེབས། དྲུག་ཅུ་རེ་གྲངས་ནང་གཞིས་ཆགས་བཙུགས་པ་རེད། མེ་སོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Chief Minister) སྐུ་ཞབས་ནི་ཅི་ལིང་གྷ་པ་ (Nijalingapa)  ལགས་ངོས་ཀྱིས་ཕྱི་ལོ་ ༡༩༥༦ ལོ་ནས་ངོ་ཤེས་པ་ཡིན།  ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་ལ་ཡོང་བའི་སྐབས་དང་བསྟུན་ངོས་རང་སྦེང་ལོར་ལ་བསླེབས་པ་རེད།  སྐབས་དེ་དུས་ནས་ངོས་ཀྱིས་སྐུ་ཞབས་ནི་ཅི་ལིང་གྷ་པ་ངོ་ཤེས་ཀྱི་ཡོད། བོད་དོན་ཐོག་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་པ་མ་ཟད་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས། བོད་མི་གང་ལ་གང་འཚམ་བཙན་བྱོལ་ལ་འབྱོར། བོད་མི་དེ་དག་གི་ཆེད་བསམ་བློ་ཡུན་རིང་བོར་བཏང་དགོས་ཡོད་དུས། ནམ་རྒྱུན་ང་ཚོས་ཤོད་སྲོལ་ལ། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་པ་ལྟར་བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་ལོ་གཅིག་གཉིས་ནང་འགྱུར་བ་དང་གྲུབ་འབྲས་ཐོན་ཟེར་བ་དེ་ཁག་པོ་རེད། ལོ་བཅུ་ཕྲག་ཁ་ཤས་འགོར་བ་ཡིན་ནའང་ང་ཚོ་བརྟན་པོ་བྱས་ནས་སྡོད་ཐུབ་པ་བཟོ་དགོས། གཞིས་ཆགས་གསར་རྒྱག་གི་ཆེད་དུ་ནེ་རུ་ལ་ཞུས། ནེ་རུས་ཐུགས་ཁུར་ཧ་ཅང་བཞེས།  མེ་སོར་མངའ་སྡེའི་བློན་ཆེན་ནི་ཅི་ལིང་གྷ་པ་ཡིས་ཐུགས་ཁུར་ཞེ་དྲགས་བཞེས་པ་རེད།

དེ་འདྲའི་བརྒྱུད་རིམ་ཁྲོད་ནས་མེ་སོར་ལྷོ་རྒྱུད་ནས་སྦེལ་ཀོབ་ས་ཁུལ་དང་བྱང་རྒྱུད་ནས་མོན་གྷོ་འདོད་རྒུ་གླིང་གི་ས་ཆ་དེ་དག་བྱུང་བ་རེད།  གནས་འདིར་གཞིས་ཆགས་ཐོག་མ་བཙུགས་དུས་ངོས་རང་བསླེབས་པ་རེད། དེ་དུས་གུར་ནང་བསྡད་པ་རེད།  སྐབད་དེ་དུས་གཞིས་ཆགས་ནང་དང་པོ་ཡོང་མཁན་ཚོས་ཚ་བའི་དཀྱིལ་ལ་ཤིང་གཅོད་འབྲེག་བྱས་པ་དང་། ཤིང་གཅོད་འབྲེག་ཚར་བ་དང་ཤིང་མེར་བསྲེགས་ནས་བསྡད་པ་རེད། སྐབས་དེ་དུས་ངོས་རང་ཁོང་ཚོའི་ལས་ཀ་བྱེད་སར་ཡོང་བ་ཡིན། གང་ལྟར་གཞིས་ཆགས་མེད་སའི་ས་ཆ་ཞིག་ལ་ང་ཚོས་གཞིས་ཆགས་བཙུགས། ཐོག་མར་སྨྱུག་མ་དང་གུར་རེད། རིམ་པས་རྒྱ་བསྐྱེད་ཕྱིན་པ་རེད། དེ་ནས་གཞིས་ཆགས་ཀྱི་གནས་སྟངས་སྲ་བརྟན་ཆགས་པའི་མཚམས་ལ་སྦག་སར་ཁུལ་ལ་མཐུན་རྐྱེན་སྐྱོ་བོ་དང་། ཚ་བ་ཆེན་པོ་ཡོད་པའི་རྐྱེན་གྱིས་མི་མང་བོ་ནད་པ་ཆགས། བྱས་ཙང་སྦག་སར་ལ་ཡོད་པའི་དགེ་འདུན་པ་རྣམས་སེ་འབྲས་དགེ་གསུམ་ལ་གནས་སྤོ་བྱས་པ་རེད། རིམ་པས་མི་མང་ཚོ་ཡང་གནས་སྟངས་ཡག་ཏུ་ཕྱིན། དེ་ནས་དགེ་འདུན་པའི་སྡེ་རིས་སུ་མེད་པ་བཙུགས། སྐབས་དེ་དུས་པད་ནོར་རིན་པོ་ཆེ་ཡང་ཡོད་པ་རེད།  རིན་པོ་ཆེས་རྣམ་གྲོལ་གླིང་གི་བཤད་གྲྭ་བཙུགས། རིན་པོ་ཆེ་ཞེ་དྲགས་ཡག་པོ་ཡོད། ད་གཙོ་ཆེ་ཤོས་སློབ་གཉེར་རེད། བཤད་གྲྭ་ཁག་གི་སློབ་གཉེར་འདས་པའི་ལོ་ལྔ་བཅུ་ལྔ་གྲངས་རིང་ལ་ཡག་ཐག་ཆོད་ཡོད་པ་རེད། ད་དུང་ཡིན་ན་ཡང་གལ་ཆེ་ཤོས་དགོན་པ་དེ་དག་བཙུགས་དགོས་དོན་དེ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཤེས་རྒྱུུད་ལ་ཡོད་དགོས་པ་རེད་མ་གཏོགས་ཕྱི་ལོག་ལ་ཁང་པ་རྫིག་པོ་་ཡོད་པ་གཅིག་པུའི་ཕན་གྱི་མ་རེད།  བྱས་ཙང་ཕྱིའི་འཛུགས་སྐྲུན་བྱས་པ་དང་ཆབས་ཅིག་ནང་གི་འཛུགས་སྐྲུན་བྱེད་རྒྱུ་ཡང་གལ་ཆེ། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཆུ་ཚོད་ ༡༡།༣༠ ཙམ་ལ་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ ༡༥༠༠༠ བརྒལ་བར་རྟ་མགྲིན་ཡང་གསང་གི་བཀའ་དབང་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།