གཙུག་ལག་ཁང་གི་གསུང་ཆོས་ར་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།

མདུན་ངོས། / གཙུག་ལག་ཁང་གི་གསུང་ཆོས་ར་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་ནས་ཕེབས་པའི་དད་ལྡན་མཇལ་བ་དང་། སྨན་རྩིས་ཁང་མཐོ་སློབ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། རིགས་ལམ་སློབ་གཉེར་ཁང་གི་སློབ་གཉེར་བ། གཞན་ཡང་། རྒྱ་གར་བ་དང་འབྲུག་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པའི་མི་སྣ་ཁག་ཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཐོག་མར་ཐོག་མར་གཙུག་ལག་ཁང་དུ་གནས་མཇལ་གནང་བ་དང་། དེ་ནས་ཆོས་གྲྭར་ཆིབས་བསྒྱུར་གྱིས་མི་མང་ལ་མཇལ་ཁ་སྩལ་རྗེས་བཀའ་སློབ་གསུང་བཤད་གནང་དོན། དེ་རིང་འདིར་ཚོགས་ཁང་མང་པོ་ཡོད་པ་རེད། དང་པོ་རིགས་ལམ་སློབ་གྲྭ་ནས་ཐོན་པ་དག་ལ་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། ལོ་མང་པོའི་རིང་བརྩོན་འགྲུས་བསྐྱེད་ནས་སློབ་སྦྱོང་བྱས་པ་རེད། རྗེས་སུ་ཡི་རངས་ཡོད། སོ་སོ་སྒེར་གྱི་ངོས་ནས་བཤད་པ་ཡིན་ནའང་བསམ་བློ་གཏོང་སྟངས་མང་པོ་ཞིག་ལ་ཕན་གྱི་རེད། དེར་བརྟེན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་དང་། སངས་རྒྱས་པའི་ཆོས་གཞུང་གི་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་གཞན་ཕན་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་རེད། དོན་གཉིས་སྒྲུབ་པའི་རྒྱུ་རྐྱེན་ཞིག་ཀྱང་ཁྱོད་རང་ཚོས་སྒྲུབ་པ་རེད། ཐུགས་རྗེ་ཆེ། ཞེས་དང་། 

དེ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་དོན། ཁྱོད་རང་ཚོས་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུ་བྱས་པ་རེད། ཧ་ཅང་ཡག་པོ་བྱུང་འདུག ང་རང་ཚོ་མིའི་སྤྱི་ཚོགས་གང་དུའང་འབྱོར་རྒུད་མི་འདྲ་བ་ཡོད་པ་ཆོས་ཉིད་རེད། འབྱོར་ལྡན་ཚོ་ཕྲན་བུ་དྲག་གི་རེད། སྐྱོ་བ་ཚོར་ཚོགས་པ་སྐྱིད་སྡུག་གི་ཐོག་ནས་ལྟ་རྟོག་བྱེད་མཁན་ཞིག་ཡོད་ཚེ་ཧ་ཅང་ཕན་ཐོགས་ཡོད། ཁྱོད་རང་ཚོས་ལོ་མང་རིང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་ཞབས་འདེགས་ཟེར་དུས་དཀའ་ངལ་འཕྲད་ཡོད་མཁན་གྱི་ཁྱིམ་ཚང་ལ་རོགས་བྱེད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་ལྷ་ཚོགས་པའི་ངོས་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་མེད་བཀའ་བརྩད་དང་འབྲེལ་ཤེས་ཡོན་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་དོན། སློབ་སྦྱོང་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་སྔ་བོད་ན་ཡོད་པའི་སྐབས་སུ་འཛམ་གླིང་སྤྱི་ཡོངས་མཐོང་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་གར་ལ་སླེབས་ནས་བཙན་བྱོལ་བ་ཆགས་རྗེས་ལུང་པ་དང་བྲལ་ནས་ཐབས་སྐྱོ་བོ་རེད། ལྷག་པར་དུ་སོ་སོའི་ལུང་པའི་ནང་དུ་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། གང་ལྟར་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་བརྒྱབ་མ་ཐུབ་པའི་གནས་ཚུལ་ཆགས་ཀྱི་ཡོད། ཧ་ཅང་ཐབས་སྐྱོ་བོ་རེད། ཡིན་ནའང་། རིམ་བཞིན་འགྱུར་བ་འགྲོ་རྒྱུ་རེད། ཐབས་སྐྱོ་བོ་ཡིན་ཀྱང་ང་ཚོ་བཙན་བྱོལ་བ་ཆགས་པས་མཐོང་རྒྱ་ཐོས་རྒྱ་ལ་ཕན་ཐོགས་བྱུང་ཡོད་པ་རེད། 

བོད་ནས་གསར་དུ་སླེབས་པ་ཚོས་འཛམ་གླིང་གི་གནས་ཚུལ་ཇི་འདྲ་ཡིན་པ་མང་པོ་ཤེས་ཀྱི་མ་རེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོ་ལུང་པར་བྲལ་ནས་ཐབས་སྐྱོ་བོ་ཡིན་ཀྱང་གནས་ཚུལ་མང་པོ་མཐོང་ཐུབ་པའི་གོ་སྐབས་ཤིག་ཡོད་པ་རེད། དེར་བརྟེན་ཤེས་ཡོན་ཟེར་བ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་ནས་རྒྱུན་དུ་བཤད་ཀྱི་ཡོད། ནང་པའི་ཆོས་ཀྱི་ཐོག་ནས་བཤད་ནའང་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཚང་མས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། དེ་བཞིན་ང་རང་ཚོ་བོད་པ་རྣམས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པ་རེད། ནང་པའི་ཆོས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་ལ་སློབ་སྦྱོང་བྱེད་དགོས། ངོས་ནས་ནང་པའི་ཆོས་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། མི་སོ་སོའི་ཁམས་དང་མོས་པར་བསྟུན་ནས་འགྲོ་དགོས། ཁམས་དང་མོས་པའི་ཁྱད་པར་ལས་རིགས་འགའ་ཤས་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་ནུས་པ་ཆེན་པོ་ཡོད་པ་རེད། ཡི་ཤུའི་ཆོས་དང་ཁ་ཆེའི་ཆོས། ཧིན་དྷིའི་ཆོས་སོགས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་པ་རེད། ཇོའུ་ཆོས་སོགས་ཀྱིས་མི་མང་པོ་ཞིག་ལ་ཕན་གྱི་ཡོད་པ་རེད། རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་དགོས་ཚེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ནི་ཏོག་ཙམ་རྙོག་དྲ་ཚ་བོ་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་གཞུང་དུ་རྟག་པ་རང་བྱུང་གི་སྐྱེས་བུ་ཡོད་པ་མ་རེད་ཅེས་སྒྲུབ་བྱེད་མང་པོ་བཀོད་ཡོང་གི་ཡོད། དེང་སང་སྤྱིར་སངས་རྒྱས་པའི་ཆོས་དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རིགས་པ་རང་གི་ཐོག་ནས་བརྟག་དཔྱད་བྱེད་རྒྱུ་ཞིག་རེད། ཅེས་དང་། 

གནས་ཚུལ་མང་པོ་ཞིག་མཐོང་ཞིང་དེའི་ཐོག་ནས་ཕྱོགས་བསྡོམས་བརྒྱབ་པ་ཡིན་ན་རྣམ་དཔྱོད་ཅན་ཆགས་ཐུབ་ཀྱི་ཡོད། ཕ་མ་དང་མེས་པོ་ཚོས་གང་བྱེད་ཀྱི་ཡོད་པ་དེ་རང་ལ་སྐོར་ར་བརྒྱབ་ནས་བསྡད་པ་ཡིན་ན་རྒྱ་ཆེན་པོ་ཆགས་ཐུབ་ཀྱི་མེད། ཁྱོད་རང་ཚོས་ཤེས་ཡོན་གྱི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་རྒྱ་ཆེན་པོ་སྒྲུབ་བཞིན་པ་དེ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་འདིར་རྒྱལ་ཁབ་ཅིག་ལ་ག་ཚོད་ཀྱིས་ཤེས་ཡོན་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་ཡར་རྒྱས་རྒྱ་ཆེན་པོ་ཡོད་པ་དང་། ཉེ་ཆར་ངོས་རང་ཨ་ཧྥུ་རི་ཁ་སོགས་རྒྱལ་ཁབ་བཅུ་གྲངས་ཤིག་གི་མི་ལ་ཐུག་པ་རེད། ཅི་ཙམ་གྱིས་ཤེས་ཡོན་ཡོད་མཁན་ཚོ་ལ་བསམ་བློ་གཏོང་རྒྱུ་ཤུགས་ཆེ་བ་དང་ཡར་རྒྱས་འགྲོ་ཐུབ་པ་ཞིག་རེད། ཤེས་ཡོན་མེད་པར་སྡོད་མཁན་ཚོ་ཧ་ཅང་སྐྱོ་བོ་རེད། ཁ་སང་འདིར་ཚོགས་མིའི་གྲས་སུ་ཨ་ཧྥུ་གྷ་ན་སུ་ཏན་ནས་ཡོང་བ་ཁ་ཤས་འདུག སུ་རུ་ཡ་ནས་ཡོང་བ་ཁ་ཤས་འདུག ཧ་ཅང་བསམ་བློ་གུ་དོག་པོ་ཞིག་བཤད་སོང་། དེ་ཚོ་ལས་ང་ཚོ་བོད་པ་ཧ་ཅང་བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ་རེད། ཨ་ཧྥུ་གྷ་ན་སུ་ཏན་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བསམ་བློ་ཧ་ཅང་གུ་དོག་པོའི་བསམ་བློ་གཏོང་གི་ཡོད་པ་ཞིག་བཤད་སོང་། དེར་བརྟེན་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། ཁྱོད་རང་ཚོས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་གཅིག་དང་། ཡང་སྒོས་ཤེས་ཡོན་གྱི་ཐོག་ལ་ཞབས་འདེགས་སྒྲུབ་པ་དེ་རྗེས་སུ་ཡི་རངས་ཡོད་ལ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་སྩལ་བ་དང་། 

དེ་རྗེས་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་ཚོར་བཀའ་སློབ་སྩལ་དོན། བོད་སྨན་དེ་མ་འདྲ་བ་ཞིག་རེད་འདུག དེ་སྔ་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐབས་སུ་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཁག་ནས་གསོ་བ་རིག་པའི་མཁས་དབང་ཁ་ཤས་བསྡུས་ཏེ་ཕལ་ཆེར་བོད་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་འཚོགས་པ་སྨན་པའི་ལོ་རྒྱུས་ནང་བཤད་ཀྱི་ཡོད་པ་ངོས་ནས་གོ་མྱོང་། དངོས་ཡོད་གནས་ཚུལ་དུ་བོད་ཀྱི་སྨན་གཞུང་དུ་རྩ་ལ་བརྟག་པ་སོགས་རིགས་འགའ་ཤས་ལ་རྒྱ་སྐད་བེད་སྤྱོད་བྱེད་ཀྱི་འདུག རྒྱ་ནག་གི་གནའ་རབས་ཀྱི་སྨན་བཅོས་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་བོ་རེད། དེ་བཞིན་གཙོ་ཆེར་རྒྱ་གར་ནས་ཨཱཡུརྦེདའི་དང་ཀླུ་སྒྲུབ་དང་། ཕལ་ཆེར་སློབ་དཔོན་དཔའ་བོ་ཡོང་བ་ཡོད། གང་ལྟར་གསོ་བ་རིག་པའི་གཞུང་མཛད་ཡོད་པ་རེད། གཙོ་བོ་དེ་ནས་རྩིས་ཏེ་སྣོན་པ་རྒྱག་པའི་ཆ་རྐྱེན་ལ་རྒྱ་ཡི་གནའ་རབས་ཀྱི་སྨན་བཅོས་དང་་ཡུ་ནཱ་ནི་ཟེར་བ་དེ་ནས་ཀྱང་ཕལ་ཆེར་ཡོད་པ་རེད། ཅེས་དང་། 

བོད་ཀྱི་གསོ་བ་རིག་པའི་ནང་དུ་ཁྱིམ་མཚེས་ཀྱི་གསོ་བ་རིག་པའི་ལེགས་ཆ་བསྡུས་ཡོད་པ་ཕལ་ཆེར་རེད། དེར་བརྟེན་ངོས་རང་གི་ཉམས་མྱོང་དང་། མི་མང་པོ་ཞིག་གིས་བོད་སྨན་བཟས་ནས་ཕན་སོང་ཟེར་མཁན་མང་པོ་འདུག སྔ་མོ་ཕྱི་ལོ་ ༡༩༥༩ དང་ ༦༠ ནང་ལ་དེང་སང་གི་ཤེས་ཡོན་ཡོད་མཁན་ཁ་ཤས་ཀྱིས་བོད་པའི་སྨན་ཡག་པོ་ཡོད་མ་རེད། མེག་ལོར་གྷན་ཇི་ཡི་འདམ་འབག་གིས་བཟོས་པ་རེད་ཅེས་བཤད་རྒྱུ་བྱུང་བ་རེད། བོད་པའི་སྨན་གྱི་ནང་དུ་བླ་མའི་སྐྱག་པ་དང་གཅུན་པ་ཡོད་པ་རེད་ཅེས་ཀྱང་བཤད་རྒྱུ་ཡོད་པ་རེད། རིམ་བཞིན་བོད་སྨན་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག དཔེར་ན་སྨན་རྩིས་ཁང་གི་སློབ་ཕྲུག་ཅིག་ཕོ་ལན་གྱི་རྒྱལ་ས་བ་སོ་རུ་སྨན་ཁང་ཆུང་ཆུང་ཞིག་བཙུགས་འདུག ང་ཚོའི་བོད་སྨན་འདི་མ་འོངས་པར་ཏན་ཏན་འགྲོ་བ་མི་སྤྱི་ལ་སྨན་བཅོས་བྱེད་པ་དང་། ལྷག་པར་དུ་ནད་སྔོན་འགོག་བྱེད་པ་ལ་བོད་སྨན་འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ལྟ་བུ་ཞིག་འདུག དཔེར་ན། ཕོ་བའི་སྨན་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་ཞིག་འདུག 

ད་ལྟ་བར་དུ་སྨན་རྩིས་ཁང་བཙུགས་ནས་ལོ་འདི་དག་ཕྱིན་པ་རེད། ལོ་ཡུན་འདིའི་ནང་དུ་སློབ་ཕྲུག་མང་པོ་ཐོན་ཡོད་པ་རེད། ལས་ཀ་བྱས་ཏེ་གཞན་ཕན་དངོས་སུ་སྒྲུབ་སྡོད་ཀྱི་ཡོད་པ་རེད། ད་དུང་ཡང་གསོ་བ་རིག་པའི་སྐོར་དེ་མུ་མཐུད་ནས་ཡར་རྒྱས་ལ་གཏོང་ཐུབ་དགོས། སྔ་མོ་དུས་རབས་བརྒྱད་པའི་ནང་དུ་ཆོས་རྒྱལ་བཀའ་དྲིན་ཅན་གྱི་དབུ་ཁྲིད་འོག་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གསོ་བ་རིག་པའི་མཁས་དབང་གདན་ཞུ་གནང་སྟེ་འཚོགས་པ་བྱུང་བ་རེད། ང་ཚོ་དུས་རབས་ ༢༡ ནང་སླེབས་ཡོད་པས་ཚོགས་རྒྱུ་ཧ་ཅང་སྟབས་བདེ་བོ་རེད། སྔ་མོ་ཡིན་ན་ཚོགས་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེང་སང་ཧ་ཅང་ལས་སླ་བོ་ཡིན་པས་ད་དུང་ང་ཚོར་གནའ་རབས་ཀྱི་རིག་གཞུང་རྙིང་པ་ཞིག་ཡོད་པའི་ཐོག་ལ་དེང་སང་གི་རིག་གསར་གྱི་ཐོག་ནས་ལེགས་ཆ་ལེན་རྒྱུ་གང་ཡོད་པ་མུ་མཐུད་ནས་ཉམས་ཞིབ་བྱེད་ཐུབ་ན་ཞེས་སྔོན་མ་ནས་བཤད་ཀྱི་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

དེ་ནས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་བཀའ་སློབ་སྩལ་དོན།  ཁྱོད་རང་ཚོ་བོད་ནས་ཡོང་བ་རེད། ངོས་ནས་རྒྱུན་དུ་བཤད་ཀྱི་ཡོད། བོད་ནང་གི་རྒྱ་ཆེའི་མི་མང་དེ་བོད་ཀྱི་དོན་གྱི་བདག་པོ་རེད། དུས་ད་ལྟ་བར་དུ་འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད། ཁྱོད་རང་ཚོས་སེམས་ཤུགས་རི་བཞིན་བཙུགས་ཧ་ཅང་བརྟན་པོ་བྱས་པ་རེད། ཞེད་སྣང་ཡོད་པ་རེད། སྲོག་གི་ཉེན་ཁ་ཡང་ཡོད་པ་རེད། དེ་ལྟ་བུའི་དཀའ་ངལ་གྱི་འོག་ནས་ཁྱོད་རང་ཚོ་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་བྱས་ཏེ་བསྡད་འདུག དེ་བཞིན་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་པ་དང་། བར་སྐབས་ནས་སློབ་གཉེར་བྱེད་རྒྱུ་ཡང་ཤུགས་ཆེ་རུ་ཆེ་རུ་འགྲོ་བ་ཞིག་ཆགས་ཀྱི་འདུག གང་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་དེ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད། 

འདས་པའི་ལོ་སྟོང་ཕྲག་རིང་ལ་ང་ཚོ་བོད་མི་རིགས་ཞེས་ཆབ་སྲིད་ཀྱི་སྒང་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། མི་རིགས་དང་རིག་གཞུང་། སྐད་ཡིག་བཅས་འདས་པའི་ལོ་སྟོང་ཕྲག་གཉིས་ཙམ་རིང་བསྡད་པ་རེད། ང་ཚོས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བརྗོད་པའི་དུས་ཚོད་ལ་བོད་དེ་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་པ་ཞིག་གིས་ཞིབ་འཇུག་བྱས་ཡོད་པ་རེད། གཙོ་བོ་རྒྱ་ཡིག་ལ་གཞི་བཞག་ནས་ཞིབ་འཇུག་བྱས་ཏེ་དེབ་ཅིག་བཏོན་འདུག དེའི་ནང་དུ་དུས་རབས་བདུན་པ་དང་བརྒྱད་པ། དགུ་བ་ལོ་སུམ་བརྒྱ་ལྷག་གི་རིང་དུ་ཨེ་ཤ་ཡའི་ནང་དུ་རྒྱལ་པོ་ཡོད་པའི་སྟོབས་ལྡན་རྒྱལ་ཁབ་གསུམ་འདུག རྒྱ་ནག་དང་སོག་པོ། བོད་བཅས་གསུམ་འདུག རྒྱ་ནག་གིས་ཆབ་སྲིད་ཀྱི་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག སོག་པོས་དམག་གི་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག བོད་ཀྱི་རྒྱལ་པོས་ཆོས་ཕྱོགས་ཀྱི་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག་ཅེས་ལོ་རྒྱུས་ཉམས་ཞིབ་བྱས་ཏེ་ཐོན་འདུག ངའི་ངོ་ཤེས་པའི་རྒྱ་མི་ཡང་མཁས་དབང་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡོད། ངེད་གཉིས་ཚར་མང་པོ་ཐུག་པ་རེད། མཁས་དབང་གི་ཚོགས་འདུ་ཞིག་ལ་ཕེབས་ནས་སྐད་ཆ་བཤད་འདུག ཁོང་གིས་རྒྱ་ཡིག་གི་ཡིག་ཆའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱ་ནག་རྒྱལ་པོ་གོང་མ་ཐང་ནས་མར་མན་ཇུ་གོང་མ་བར་དུ་ལོ་བརྒྱ་ཕྲག་ཁ་ཤས་རིང་གི་རྒྱ་ཡིག་ཡིག་ཆའི་ནང་དུ་བོད་རྒྱ་ཁུངས་ཡིན་པ་མི་འདུག བོད་རྒྱ་ཁུངས་ཡིན་པའི་ཁུངས་སྐྱེལ་བའི་ཡིག་ཆ་དེ་ཚོ་བོད་ཀྱི་ཡི་གེ་རེད་ཅེས་ཟེར། ང་ཚོ་བོད་ཀྱི་མི་ཆེན་བླ་ཆེན་དེ་ཚོ་ནང་ཚགས་མ་འཆམ་པར་རྒྱ་ནག་གོང་མའི་རྒྱབ་སྐྱོར་བཙལ་ནས་རྒྱ་ནག་གོང་མའི་ལྷ་འབངས་ཡིན་ཟེར་བ་ལྟ་བུ་དང་། དཔེར་ན་སྐུ་མདུན་སྐུ་གོང་མའི་ཞལ་གདམས་ནང་དུ་དེ་ལྟ་བུ་ཞིག་ཡོང་བ་ཡོད། དབྱིན་ཇིས་བཙན་འཛུལ་ཡོང་བའི་སྐབས་སུ་རྒྱ་ནག་ལ་ཕེབས་ནས་གོང་མ་ཡུམ་སྲས་ལ་བདེ་སྡུག་ཞུ་རུ་བཅར་བ་ཡིན་ཞེས་པ་ཞིག་མི་འདུག་གམ། དེ་སྔ་ངོས་ནས་དྲན་པ་དེ་༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་སུ་དཔོན་པོ་མི་དབང་གིས་རྙོག་དྲ་ཅུང་བཟོས་པའི་སྐབས་སུ་རྒྱ་ནག་གོང་མ་ལ་འབྲེལ་བ་གནང་སྟེ། གོང་མས་ཁྲིམས་ཞིབ་པ་ལྟ་བུ་ཡར་བཏང་ནས་རྗེས་སུ་ང་ལུམ་སྦྱར་གསུམ་གསོད་པ་སོགས་བྱུང་བ་རེད། རྒྱ་མིས་དེས་བོད་རྒྱ་ཁུངས་ཡིན་པའི་སྒྲུབ་བྱེད་བཀོད་པ་དེ་ཚོ་གཙོ་བོ་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀས་བོད་ཡིག་བེད་སྤྱོད་གཏོང་གི་འདུག རྒྱ་ཡིག་ནང་དུ་ཁྱོན་ནས་མི་འདུག་ཅེས་ཟེར། 

གང་ལྟར་བོད་མི་རིགས་དེ་གཞན་དང་མི་འདྲ་བའི་མི་རིགས་ཤིག་རེད། ང་ཚོ་ཆོས་ཕྱོགས་ཀྱི་ཐོག་ནས་བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། སངས་རྒྱས་བཅོམ་ལྡན་འདས་རང་གིས་ལུང་བསྟན་པའི་ལུང་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཕལ་ཆེར་འཛམ་གླིང་འདིར་སངས་རྒྱས་པའི་ཆོས་རྒྱ་གར་ནས་དར་བ་རེད། བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བསྐོར་བའི་སྐབས་བདེན་བཞིའི་ཆོས་འཁོར་ཞེས་པཱ་ལའི་དང་འབར་མ། ཐའེ་ལན། ཤྲི་ལིངྐ་ང་ཚོ་ཐུན་མོང་བ་ཆགས་ཡོད་པ་རེད། དེ་ནས་བྱ་རྒོད་ཕུང་བོའི་རིང་ལ་བར་བ་ཤེར་ཕྱིན་གྱི་མདོ་གསུངས་པ་དེ་ལེགས་སྦྱར་གྱི་ཆོས་བརྒྱུད་རེད། དེ་པཱ་ལའི་ཆོས་བརྒྱུད་རྐྱང་རྐྱང་འཛིན་གྱི་ཆོས་བརྒྱུད་ནང་དུ་ཡོད་པ་མ་རེད། རྒྱ་ནག་བརྒྱུད་ནས་ཀོ་རུ་ཡ་དང་ཝི་ཊི་ནམ། ཉི་ཧོང་། དེ་བཞིིན་བོད་དང་སོག་པོ་སོགས་སུ་ཐེག་ཆེན་གྱི་ཆོས་བརྒྱུད་དམ་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་ཁྱབ་ཡོད་པ་རེད། དེས་ནང་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ངོས་ནས་ནམ་རྒྱུན་པན་གྲུབ་བཅུ་བདུན་ཞེས་བརྗོད་ཀྱི་ཡོད། དེ་དག་གི་ལེགས་བཤད་ང་ཚོའི་བོད་ཡིག་ནང་ལ་ཆ་ཚང་ཡོད་པ་རེད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་ཡོད་པ་རེད། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཁྱོན་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་རེད། དེ་དག་ཚང་མར་བལྟ་མི་ཐུབ་ཀྱང་སྡེ་ཚན་བྱེ་བྲག་པར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སློབ་སྦྱོང་བྱེད་སྟངས་དེ་རྩ་བ་བློ་ལ་བཟུངས། འགྲེལ་བ་དེ་ཡང་གཙོ་བོ་རྒྱ་འབྲེལ་ལ་ཁུངས་གཏུགས་ནས་ཚིག་རེ་རེ་བཞིན་འགྲེལ་བ་བརྒྱག་གི་ཡོད་པ་རེད། དེ་ཕར་འགྲེལ་བཤད་བརྒྱབ་ནས་བརྡར་ཤ་གཅོད་དུས་ཚད་མ་རིག་པའི་ལམ་ལ་བརྟེན་གྱི་ཡོད་པ་རེད། ཅེས་སོགས་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་བ་དང་། 

ངོས་རང་བཙན་བྱོལ་ལ་སླེབས་ནས་ལོ་ ༥༨ ཕྱིན་འདུག སྐུ་མདུན་༸སྐུ་གོང་མ་དགུང་ལོ་ ༥༨ བཞུགས་པ་རེད། ཕལ་ཆེར་སྐུ་མདུན་༸སྐུ་གོང་མའི་མི་ཚེ་ལྟ་བུ་ཞིག་ང་ཚོ་བཙན་བྱོལ་ལ་བསྡད་པ་རེད། ད་ལོ་ ༨༢ ལ་སླེབས་བསྡད་ཡོད། གཟུགས་པོ་ཧ་ཅང་ཡག་པོ་ཡོད། མཁྱེན་སོང་ངམ། བར་སྐབས་ནས་ཐང་ཆད་རྒྱུ་ཏོག་ཙམ་སྡུག་ཏུ་ཕྱིན་འདུག དེ་མ་གཏོགས་གཞན་གཟུགས་པོའི་མ་རྩ་ཡག་ཐག་ཆོད་ཡོད། ཁྱོད་རང་ཚོས་བློ་བདེ་བོ་བྱོས། རྒྱ་ནག་ལ་ག་ལེར་ག་ལེར་འགྱུར་བ་ཏན་ཏན་འགྲོ་གི་རེད་བསམ་གྱི་འདུག  ཞིས་ཅིན་ཕིན་གྱིས་པེ་རི་སུ་དང་ལྡི་ལི་ནང་པའི་ཆོས་དེ་རྒྱ་ནག་གི་རིག་གཞུང་ནང་དུ་གལ་ཆེན་པོ་ཞིག་ཡིན་ཞེས་བཤད་ཡོད་པ་རེད། ཞིས་ཅིན་ཕིན་གྱི་ཨ་མ་ནང་པ་རེད། ཁོ་རང་གི་བཟའ་ཟླ་དེའང་ནང་པ་ཡིན་པ་ལྟ་བུ་འདུག རྒྱ་ནག་ནང་དུ་དེང་སང་ནང་པ་ས་ཡ་བཞི་བརྒྱ་ལྷག་ཡོད་པ་བཤད་ཀྱི་འདུག ནང་པ་ཧ་ཅང་མང་པོ་འཕེལ་ཡོང་གི་འདུག དེར་བརྟེན་འགྱུར་བ་འགྲོ་བའི་རེ་བ་ཏན་ཏན་ཡོད་པ་རེད། ཁྱོད་རང་ཚོ་སེམས་ཤུགས་མ་ཆགས་པར་སེམས་སྐྱིད་པོ་སྡོད། ཅེས་དང་། 

ཆབ་སྲིད་ཀྱི་ཐོག་ནས་བཤད་ན་ང་ཚོར་རང་བཙན་དགོས་ཞེས་བཤད་ཀྱི་ཡོད་པ་མ་རེད། དེ་སྔ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་རང་བཙན་རེད། ཡིན་ནའང་འཛམ་གླིང་འགྱུར་བ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཐོབ་ཐང་འདྲ་མཉམ་ཡོད་པ་བྱས་ཏེ་བསྡད་པ་ཡིན་ན་ང་ཚོ་ལའང་ཕན་གྱི་རེད། རྒྱ་ནག་དཔལ་འབྱོར་ཧ་ཅང་ཡག་པོ་ཡོད་པ་རེད། བོད་ལའང་དཔལ་འབྱོར་ཡར་རྒྱས་ཕྱིན་འདུག     དཔལ་འབྱོར་གྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་བསྡད་པ་ཡིན་ན་ང་ཚོར་ཁེ་ཕན་ཡོད་པ་རེད། ང་ཚོར་སྐད་ཡིག་མ་འདྲ་བ་ཡོད་པ་རེད། ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་རེད། དེ་བཞིན་ང་ཚོའི་ཁོར་ཡུག་ཡག་པོ་ཞིག་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན་ང་ཚོར་གཉིས་ཕན་རེད། རྒྱ་མི་ལ་ཆ་བཞག་ནའང་ཁ་བྲལ་འགྲོ་མི་དགོས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་བསྡད། ང་ཚོའི་བོད་ལ་ཆ་མཚོན་ནའང་དཔལ་འབྱོར་ཡོད་པ་དང་ཆོས་དང་རིག་གཞུང་སོགས་ལ་བདག་པོ་ཆ་ཚང་རྒྱག་ཐུབ་པ་བྱུང་ན་དེ་གཉིས་ཕན་རེད། ལོ་གཉིས་གསུམ་གྱི་གོང་ལ་བོད་ནང་གི་མི་ཞིག་གིས་ཡི་གེ་བྲིས་ཡོད་པ་ཞིག་ངོས་ཀྱིས་མཐོང་སོང་། ད་ལྟ་ཆབ་སྲིད་ཀྱི་ཐོག་ལ་རྒྱ་མིས་ང་ཚོར་དབང་བསྒྱུར་བསྡད་ཡོད་པ་རེད། མ་འོངས་པར་ཆོས་ཕྱོགས་ཀྱི་ཐོག་ནས་ང་ཚོ་བོད་པས་རྒྱ་ལ་ཕར་དབང་བསྒྱུར་ཐུབ་པ་ཞིག་ཡོང་གི་རེད་ཅེས་བྲིས་འདུག དེ་ལ་རྒྱུ་མཚན་མེད་པ་མ་རེད་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་འབྲུག་ནས་ཕེབས་པའི་མཇལ་བ་རྣམས་ལ་ངོས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ལ་བཤད་ཀྱི་ཡོད། དེ་བཞིན་འབྲུག་ཁུལ་གྱི་དགོན་པ་ཚོ་ཡང་ཤེས་ཡོན་ལྟེ་གནས་ཤིག་ཏུ་བསྒྱུར་དགོས་པ་རེད་ཆེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།