གཞོན་སྐྱེས་ཞི་བདེའི་འགོ་ཁྲིད་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་བ།

མདུན་ངོས། / གཞོན་སྐྱེས་ཞི་བདེའི་འགོ་ཁྲིད་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཞི་བདེ་སློབ་གཉེར་ཁང་(USIP)གིས་གོ་སྒྲིག་ཞུས་པ་ལྟར་རྒྱལ་ཁབ་ ༡༢ ནས་སླེབས་པའི་ན་གཞོན་ ༢༥ ལ་དང་འབྲེལ་ཡོད་ལས་བྱེད་སོགས་གཞོན་སྐྱེས་ཞི་བདེའི་འགོ་ཁྲིད་ཀྱི་ཐེངས་གཉིས་པའི་ཚོགས་འདུ་འཚོགས་ཡོད་པ་རེད། 

དེ་ཡང་ཐོག་མར་ཨབ་གྷ་ནི་སི་ཐན། སེ་རུ་ཡ། མེ་མར། དབྱི་རག ནེ་ལྗི་རི་ཡ། ཨེ་ལྗི་རི་ཡ། ཁོ་ལུམ་བྷེ་ཨ། ལྷོ་སུའུ་དན། ཤྲི་ལིངྐ། སུའུ་དན། ཊོ་ནི་ཤི་ཨ། སོགས་ནས་ཕེབས་པའི་གཞོན་སྐྱེས་ཚོས་རང་ཉིད་ངོ་སྤྲོད་ཞུས་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ངོས་རང་ད་ཆ་ལོ་ན་ ༨༢ ཡིན།  ན་ནིང་ནས་བཟུང་ལུས་པོ་ཡང་ཡང་ཐང་ཆད་པ་ལྟ་བུ་འདུག  དེར་བརྟེན་གླིང་ཆེན་འདྲ་མིན་ནང་ངོས་རང་དངོས་སུ་བཅར་ནས་ལས་རིམ་སོགས་ལ་མཉམ་ཞུགས་བྱ་རྒྱུ་ཁག་པོ་འདུག ངོས་ཀྱིས་ཕྱི་ལོ་ ༢༠༠༡ ནས་བོད་མིིའི་ཆབ་སྲིད་འགོ་ཁྲིད་ལས་འགན་ནས་བགྲེས་ཡོལ་ཞུས་རྗེས་སློབ་དཔོན་ཟབ་གདོང་རིན་པོ་ཆེས་འགན་འཁྱེར་བ་རེད། དེ་ནས་ལོ་བཅུ་ཙམ་རིང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒས་ཡོལ་བྱས་བསྡད་པ་ཡིན།  ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་པ་ཡིན།

ཁྱོད་རང་ཚོ་ནི་འཛམ་གླིང་འདིར་ཡོད་པའི་རྩོད་རྙོག་འདུམ་འགྲིག་བྱེད་པ་དང་ཞི་མཐུན་ཡོང་བའི་ས་བོན་ལྟ་བུ་ཆགས་ཀྱི་ཡོད། ངོས་རང་ཉིན་ལྟར་ཆུ་ཚོད་དགུའི་རིང་གཉིད་ཉལ་གྱི་ཡོད།  དེའི་རིང་འཛམ་གླིང་གི་ས་གནས་གཞན་དང་གཞན་དུ་དམག་འཁྲུག་དང་དཀའ་རྙོག་གཞན། མུ་གེས་ཤི་བ་སོགས་མང་པོ་བྱུང་གི་ཡོད་པ་དང་། ལྷག་པར་དུ་ཉམས་ཐག་གི་བྱིས་པ་ག་ཚོད་ཅིག་མགོན་མེད་སྐྱབས་མེད་དུ་ཤི་ཡི་ཡོད་དམ་བསམ་ནས་སེམས་ཧ་ཅང་སྐྱོ་བོ་ཡོང་གི་འདུག  འདི་ལྟ་བུའི་དཀའ་ངལ་ཅན་གྱི་གནས་སྟངས་འོག་ང་ཚོས་སེམས་ཞུམ་ནས་བསྡད་པ་ཡིན་ན་དེ་ནི་འགྲོ་བ་མིའི་ཚུལ་མཐུན་གྱི་བྱེད་སྟངས་ཤིག་ཆགས་ཀྱི་མེད། དུད་འགྲོ་ཡིན་ཚེ་གནས་ཚུལ་ཁ་ཁ་རེད། འཛམ་གླིང་ཐོག་གི་དཀའ་ངལ་མང་དག་ཅིག་མིས་བཟོས་པའི་དཀའ་ངལ་ཡིན་སྟབས་དེ་སེལ་བའི་ཐབས་ལམ་ཡང་མིས་བྱེད་དགོས་པ་ཡིན། རྙོག་དྲ་བཟོ་མཁན་གྱི་མི་ཚོ་ཡང་རང་གི་ཨ་མ་ལས་སྐྱེས་པ་ཡིན་པས་སེམས་ཀྱི་ལྷན་སྐྱེས་སུ་བྱམས་བརྩེའི་གཤིས་ཀ་ཡོད་པ་ཡིན།  ང་ཚོས་ཕན་ཚུན་ལ་མི་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་སྟེ་བཀའ་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས། 

དཀའ་ངལ་མང་པོ་ཞིག་ཕྱི་ནས་མ་ཡིན་པར་རེ་དོགས་དང་ཞེད་སྣང་དབང་གིས་སེམས་མ་བདེ་བ་ཆགས་ཏེ་ངར་འཛིན་གྱི་དབྱེ་བ་ལས་བྱུང་གི་ཡོད། བསམ་བློ་ལེགས་པ་དང་ཉེས་པ་གང་ཡིན་དབྱེ་འབྱེད་ཀྱི་ཚོར་བ་ང་ཚོ་ཚང་མར་ཡོད་པས་ལེགས་པའི་ཆ་དང་ཉེས་པའི་ཆ་གང་ཡིན་ངོས་འཛིན་གྱིས་ལེགས་ཆ་ཤེས་པའི་ཐོག་ནས་དཀའ་ངལ་སེལ་དགོས།  དཀའ་ངལ་གང་ཡིན་ཀྱང་དེའི་ངོས་གཅིག་ཁོ་ན་ནས་བལྟས་པ་ཡིན་ན་དཀའ་ངལ་ཆུང་ཆུང་ཞིག་ཡིན་ཀྱང་ཆེན་པོ་ཆགས་པ་དང་། ཕྱོགས་ཡོང་ནས་བལྟས་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་འཚམ་པའི་དཀའ་ངལ་སེལ་ཐབས་ཤིག་ཡོང་ཐུབ།  ཆབ་སྲིད་ཀྱི་ཐོག་ནས་ས་མཚམས་ཕྱེས་ཡོད་པ་དེ་མ་འོངས་པར་འཛམ་གླིང་ཆ་ཚང་རྒྱལ་ཁབ་གཅིག་ལྟ་བུ་བྱེད་ཐུབ་རྒྱུར་ངོས་ནས་རེ་བ་བྱེད་ཀྱི་ཡོད།  ང་ཚོའི་རེ་བ་ཆ་ཚང་གཞོན་སྐྱེས་ཚོར་བཅོལ་ཡོད། ཁྱོད་རང་ཚོའི་སེམས་ཤུགས་མ་ཆགས་པར་བློ་ཁོག་ཡངས་པོ་དང་ངང་རྒྱུད་རིང་པོའི་ཐོག་ཐབས་ཤེས་བྱེད་དགོས། ཞེས་སོགས་དང་། གཞན་ཡང་དེང་དུས་ཤེས་ཡོན་གྱིས་དེང་གི་དགོས་མཁོ་བསྐང་ཐུབ་ཀྱི་མེད་པ་དང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གོང་སྤེལ་གཏོང་དགོས་པའི་སྐོར་བཀའ་སློབ་སྩལ་བ་དང་། དེ་ནས་ཚོགས་ཞུགས་པ་རྣམས་ཀྱིས་དྲི་བ་ཕུལ་བར་བཀའ་ལན་སྩལ་ཏེ་ཆུ་ཚོད་ ༡༢ ཙམ་ལ་ཉིན་དང་པོའི་བགྲོ་གླེང་ཚོགས་འདུ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་འདི་ནི་ཟླ་ ༡༡ ཚེས་ ༦ དང་ ༧ ཉིན་གཉིས་རིང་འཚོགས་ཀྱི་ཡོད་པ་དང་། ཉིན་དང་པོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱང་ཕེབས་ཡོད་པ་བཅས།།