རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པ་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པ་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ཉེ་འཁྲིས་སུ་ཡོད་པའི་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པའི་རྟེན་དང་རྟེན་པ་ལེགས་པར་གྲུབ་པའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ་ཐོག་མར་སློབ་གཉེར་ཁང་གསར་པ་རུ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པད་མ་མཁའ་འགྲོ་མཆོག་དང་ཟུར་མཇལ་མཇལ་ཁ་གནང་བ་དང་། དེ་རྗེས་རྣམ་གྲྭའི་སློབ་གཉེར་ཁང་གསར་པའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་སྟེ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སློབ་གཉེར་ཁང་གསར་བའི་ཚོགས་ཁང་དུ་༸ཞབས་སར་འཁོད་མཚམས་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་མནྡྲལ་རྟེན་དོད་འདེགས་འབུལ་དང་། མཛད་སྒོར་ཕེབས་པ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་རྣམ་རྒྱལ་གྲྭ་ཚང་གི་སྔགས་ཀྱི་འཛིན་གྲྭ་སོགས་སློབ་གཉེར་བ་ཡོངས་ཀྱིས་སྐར་མ་ལྔ་རེར་རིམ་བཞིན་གཞུང་ཚན་གང་འཁེལ་གྱི་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། དེ་རྗེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་ཨང་རྩིས་ཀྱི་སྐོར་ལའང་རྟགས་གསལ་གཟིགས་འབུལ་ཞུས་རྗེས་སྔོན་འགྲོའི་སློབ་ཕྲུག་ཁག་ཅིག་གིས་གང་བློ་མ་དང་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་སྐྱོར་གནང་མཛད་པ་དང་། དེ་ནས་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་བྱུང་རིམ་ངོ་སྤྲོད་གནང་དང་འབྲེལ་ཕྱི་ལོ་ ༡༩༧༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭར་གཞུང་ཆེན་ལ་སློབ་གཉེར་སྲོལ་གཏོད་གནང་བ་དང་། ད་ལྟའི་རྣམ་གྲྭ་སློབ་གཉེར་ཁང་གི་སློབ་སྦྱོང་གི་གོ་རིམ་དང་རབ་བྱུང་བ་རང་ལ་སློབ་གཉེར་ཁང་ཞིག་དགོས་གལ་ཏུ་གཟིགས་ནས་སློབ་གཉེར་ཁང་གསར་བརྒྱབ་ཞུས་ཡོད་པ་སོགས་ངོ་སྤྲོད་གནང་རྗེས་སློབ་གཉེར་ཁང་གསར་བརྒྱག་གི་ཨར་ལས་འགན་འཛིན་བསྟན་འཛིན་དགེ་བྱེད་ལགས་ནས་སློབ་གཉེར་ཁང་རྟེན་དང་རྟེན་པར་བཅས་པའི་ཨར་ལས་འཛུགས་བསྐྲུན་གྱི་འགྲོ་གྲོན་རྩིས་ཁྲ་སྙིང་དོན་སྙན་སྒྲོན་ཞུས།

དེ་རྗེས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེས་སློབ་གཉེར་ཁང་གསར་བསྐྲུན་གནང་བའི་དགོས་དམིགས་སྐོར་ལ་གསུང་བཤད་གནང་། མཁན་རིན་པོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་དང་འབྲེལ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཐོག་སློབ་གཉེར་ཁང་གསར་བསྐྲུན་བྱས་པ་དང་། ཕྱི་ཡི་མཐུན་རྐྱེན་ཡང་གྲྭ་ཚང་ནས་ཞུ་མ་དགོས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐུན་རྐྱེན་བཀའ་དྲིན་ཆེ་བའི་ཐོག་རང་རེའི་ཨི་ཊ་ལིའི་ཆོས་ཚོགས་ཁག་དང་བརྩེ་བའི་སློབ་གྲོགས་རྣམ་པ། ཆོས་གྲོགས་རྣམ་པ་ཐུན་མོང་ནས་བསོད་ནམས་གསོག་པའི་གོ་སྐབས་ཧ་ཅང་བཟང་པོ་ཐོབ་པ་ལྟར་ལྷག་བསམ་རྣམ་དག་དང་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཆ་ལག་ཚང་པའི་ཤེས་ཡོན་ལྟེ་གནས་བསྐྲུན་ཐུབ་པ་ནི་ཡི་རངས་ཀྱི་གནས་ཡིན། ཞེས་དང་། འདི་ཉིད་ཀྱི་དམིགས་ཡུལ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་བླ་ན་མེད་པའི་ལམ་སྟོན་ལྟར་མ་འོངས་པར་དགོན་སྡེ་ཁག་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་འགྱུར་དགོས་པ་དང་། དགོན་པ་ཞེས་བརྗོད་མ་ཐག་ཏུ་དཔལ་ནཱལེནྡྲའི་གཞུང་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་གནང་སའི་ཆེས་མཐོའི་སློབ་གཉེར་ཁང་ཡིད་ངོར་འཆར་ཐུབ་པ་ཞིག་བསྐྲུན་དགོས་པ་དང་། དུས་རབས་ ༢༡ པའི་ཤེས་ཡོན་ཅན་གྱི་ནང་པ་ཞིག་དང་མཁས་བཙུན་བཟང་གསུམ་འཛོམས་པ་ཤ་སྟག་ཡོང་བ་ཞིག་བྱེད་དགོས་པའི་དགོངས་གཞི། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་། བྱམས་བརྩེ་གོང་མཐོར་སྤེལ་བའི་ཐབས་ལམ། རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་ལ་སློབ་སྦྱོང་གི་གོ་སྐབས་ཡོད་པ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཉམས་སུ་ལེན་ཚུལ་སོགས་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་བཅས་ཀྱི་ཞབས་འདེགས་ཆ་ཚང་སྒྲུབ་ཐབས་དང་། མ་འོངས་པའི་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ལའང་ཐུགས་ཕན་སོས་པ་ཞིག་ཡོང་ཐབས།  དེ་བཞིན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པའི་ཐོག་ནས་སློབ་གཉེར་བ་རང་རང་སོ་སོའི་མ་འོངས་པའི་མི་ཚེ་ཤེས་ཡོན་ལྡན་པ་དང་བྱམས་བརྩེ་ལྡན་པ། ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་ཡོང་ཐབས། གཉིས་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མ་འོངས་པའི་རྒྱུན་འཛིན་མིང་དོན་མཚུངས་པའི་ཤེས་ཡོན་ལྡན་པ་ཞིག་གསོ་སྐྱོང་ཐུབ་ཐབས། གསུམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་གསུམ་གྱིས་མཚོན་པའི་རྩ་ཆེའི་བཀའ་སློབ་ཐོག་ཤར་བསྐྱོད་ཀྱིས་ཞབས་ཞུ་བསྒྲུབ་ཐབས་སོག་ཕུགས་ཀྱི་དམིགས་ཡུལ་བཟང་པོ་རྣམས་འགྲུབ་ཐུབ་པ་ཞིག་བཟོ་དགོས་པ་ནི་སློབ་གཉེར་ཁང་འདིའི་དམིགས་ཡུལ་གཙོ་བོ་ཡིན། ཞེས་སོགས་གསུང་བཤད་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

དེ་རིང་འདིར་གངས་ཅན་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེས་དབུ་མཛད་པའི་དགེ་འདུན་བགྲེས་གཞོན་བར་གསུམ་དང་། དེ་བཞིན་གྲྭ་ཚང་གི་སློབ་གཉེར་ཁང་གི་ཐོག་བརྩེགས་ཅན་ཞིག་འཛུགས་བསྐྲུན་བྱེད་པར་དཔལ་འབྱོར་དང་སེམས་ཤུགས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་སྦྱིན་བདག་མང་པོ་ཞིག་འདིར་སླེབས་ཡོད་པ་རེད། ཨི་ཊ་ལི་ནས་མི་མང་པོ་ཞིག་སླེབས་ཡོད་པ་རེད། ཝི་ཏི་ནམ་ནས་ཡང་མང་པོ་ཞིག་ཡོད་པ་རེད། དེ་བཞིན་སློབ་ཕྲུག་རྣམས་དང་འབྲེལ་བ་ཡོད་པའི་ཕ་མ་སྤུན་མཆེད་སོགས་མོན་ནས་ཡང་མང་པོ་ཞིག་འབྱོར་འདུག དེ་དང་དེ་ལྟ་བུའི་འབྲེལ་ཡོད་མང་པོ་ཞིག་སླེབས་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཕྱག་ལས་གནང་མཁན་ཚོ་ཡང་ཡོད། དེ་རིང་འདིར་ང་ཚོར་བཀྲ་ཤིས་པའི་ཉི་མ་ཞིག་རེད། བཀྲ་ཤིས་པའི་ཉི་མ་ཞེས་ཚིག་བཟང་པོ་གཅིག་པུ་བཤད་བསྡད་པ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་བྱུང་བ་རེད། དེ་ཡང་ཆགས་སྡང་གོང་འཕེལ་འགྲོ་བའི་ལྟེ་གནས་མ་རེད། བྱམས་བརྩེ་གོང་འཕེལ་འགྲོ་བའི་ལྟེ་གནས་ཤིག་ཆགས་ཀྱི་ཡོད་པ་རེད། ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་ཉུང་ཉུང་ཞིག་རེད། ཡིན་ནའང་། ང་ཚོ་ཚང་མ་འཛམ་གླིང་མི་དུང་ཕྱུར་བདུན་ཅུའི་ནང་གི་ཆ་ཤས་ཤིག་ཡིན་པས་ད་ལྟ་འཛམ་གླིང་འདིར་དོན་དངོས་ཡོད་ཆ་ནས་བྱམས་བརྩེའི་ཕོངས་ནས་དྲང་བདེན་དང་ཡ་རབས་ཀྱིས་ཕོངས་ཡོད། ཁ་ཉིན་ཞོགས་པ་ངོས་རང་ཡར་ལངས་ནས་བསམ་བློ་ཞིག་འཁོར་སོང་། ཁྱོད་རང་ཚོ་ཆུ་ཚོད་བདུན་རིང་གཉིད་ཉལ་གྱི་འདུག  ངོས་རང་འཆར་ཅན་ཆུ་ཚོད་དགུ་ཙམ་རིང་གཉིད་ཀྱི་ཡོད། མ་གཞི་ངོས་རང་སྤོ་རེད་དམིགས་བསལ་ཅུང་ཡོད་དགོས་པ་རེད། ཞོགས་པའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ལ་ཡར་ལངས་ནས་ངོས་རང་ཆུ་ཚོད་དགུའི་རིང་ཞི་བདེ་བག་ཕེབས་ཀྱིས་ཉལ་བསྡད་པ་རེད། ཆུ་ཚོད་དགུའི་རིང་འཛམ་གླིང་འདིར་མི་གཅིག་མཚུངས་ཡིན་པ་ག་ཚོད་བསད་ཡོད་པ་རེད། མུ་གེས་ག་ཚོད་ཤི་ཡོད་པ་རེད། ལྷག་པར་དུ་བྱམས་བརྩེས་ཕོངས་ནས་མུ་གེས་ཤི་བའི་ཕྲུ་གུ་ཆུང་ཆུང་མང་པོ་ཡོང་བསྡད་ཀྱི་འདུག ག་རེ་བྱེད་དགོས་པ་རེད་བསམ་ནས་སེམས་ཧ་ཅང་སྐྱོ་བྱུང་། བྱེད་རྒྱུ་གང་ཡང་མི་འདུག  མི་གཅིག་མཚུངས་དང་འཛམ་གླིང་གཅིག་གི་སྟེང་དུ་བསྡད་ཡོད་པ་རེད། མི་མི་ལ་བརྩེ་བ་མེད་དུས་ཧ་ཅང་ཐབས་སྐྱོ་བོ་རེད། 

དུད་འགྲོ་ལ་རྣམ་དཔྱོད་ཀྱི་ཀླད་པ་མེད་པས་རྒྱ་ཆེན་པོར་བསམ་བློ་གཏོང་ཐུབ་ཀྱི་མེད་ཀྱང་། ཁོ་རང་ཚོའི་ཁོར་ཡུག་ནས་ཕན་ཚུན་ལ་བརྩེ་བ་བྱེད་ཐུབ་ཀྱི་འདུག ང་ཚོ་མིས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་རྒྱུའི་ཚབ་ཏུ་ཐུབ་ཚོད་དང་དབང་བསྒྱུར་བྱས། མགོ་སྐོར་དང་གསོད་རེས་གཏོང་བ་སོགས་ཧ་ཅང་ཐབས་སྐྱོ་བོ་རེད། དེ་དག་ལ་སྨོན་ལམ་ཞིག་བརྒྱབ་ནས་སྡོད་རྒྱུ་ལས་བྱེད་རྒྱུ་གང་ཡང་མི་འདུག སྨོན་ལམ་གྱིས་ཕན་ཐོགས་དང་ནུས་པ་ཐོན་གྱི་མི་འདུག་པས། མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ཅན་ཡིན་པ་ཚན་རིག་པས་བཤད་ཀྱི་ཡོད་པ་རེད། ང་རང་ཚོའི་ཉམས་མྱོང་གི་ཐོག་ནས་བཤད་ནའང་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐུག་པ་རེད། ང་ཚོའི་ཤེས་ཡོན་སྤྲོད་སྟངས་ཀྱི་ཐོག་ནས་ཕྱི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དམིགས་པའི་ཤེས་ཡོན་ཆགས་པ་དང་། དེ་ལྟ་བུའི་ཤེས་ཡོན་ཐོག་ནས་འཚར་ལོངས་བྱེད་མཁན་གྱིས་སྤྱི་ཚོགས་ཀྱང་དངོས་གཙོའི་སྤྱི་ཚོགས་དང་ (materialistic community) དངོས་གཙོའི་མི་ཚེ། (materialistic life) དངོས་གཙོའི་རིག་གཞུང་(materialistic culture) ཆགས་བསྡད་ཡོད་པས་དཀའ་ངལ་ཞིག་འཕྲད་ཡོད། དེར་བརྟེན་ང་ཚོས་ཆེ་ན་ཆུང་ན་གང་ཐུབ་ཀྱིས་བྱམས་བརྩེ་གོང་འཕེལ་ཡོང་བ་ཞིག་དང་། དེ་ལ་སྤྱིར་ན་འཛམ་གླིང་འདིར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་རེད། ཧ་ཅང་ཡག་པོ་ཡོད་རེད། མི་ལ་ཕན་གྱི་ཡོད་པ་རེད། བྱམས་བརྩེ་གོང་མཐོར་གཏོང་བ་ལ་གཙོ་བོ་ཆོས་ལེགས་པར་རྣམ་པར་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བྱམས་བརྩེ་གོང་མཐོར་གཏོང་བ་ནི་ལྟ་གྲུབ་དང་འབྲེལ་ནས་ཡོང་གི་ཡོད། ཆོས་ལུགས་ཚང་མ་བྱམས་བརྩེ་གསུངས་མཁན་གཅིག་མཚུངས་རེད། བཟོད་པའི་ཉམས་ལེན་དང་ཆོག་ཤེས་ཉམས་ལེན་གསུངས་པ་གཅིག་མཚུངས་ཡིན་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་ཆགས་སྡང་གིས་སྡུག་བསྔལ་བཟོ་གི་ཡོད་པ་དང་། ཆགས་སྡང་གི་རྩ་བ་གཏི་མུག་ཡིན་པ། གཏི་མུག་ལོག་ཤེས་ཡིན་པ། དེ་བློ་ལ་སྣང་བ་བཞིན་དོན་གྱི་ངོས་ནས་ཡོད་པ་ཞིག་ཏུ་ཞེན་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས་ཏེ་ཉོན་མོངས་ཆ་ཚང་སྐྱེས་ཀྱི་ཡོད་པ་ཧ་ཅང་གསལ་བོ་ཞིག་ངོ་སྤྲོད་བྱས་ཡོང་གི་ཡོད། དེར་བརྟེན།
དོན་བཞིན་གཟིགས་ནས་ལེགས་གསུངས་པ།།
ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །
རྒུད་པ་ཐམས་ཅད་རིང་དུ་གྱུར། །
ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ།།
ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །
ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །
ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན།།
བདག་ཏུ་ལྟ་བ་བརྟན་ཕྱིར་རོ། ། 
ཞེས་བདག་ཏུ་ལྟ་བའི་འཛིན་པའམ་ལྟ་བ་དེས་ཕོངས་ཀྱི་ཡོད་པ་དང་། དེའི་གཉེན་པོར་བདག་མེད་པའི་ལྟ་བ་ཞེས་པ་སངས་རྒྱས་པའི་ཆོས་གཅིག་པུར་མ་གཏོགས་གཞན་སུ་ལའང་མེད། ཆོས་ལུགས་ཚང་མ་མི་ལ་ཕན་གྱི་ཡོད་པ་རེད། གུས་ཞབས་འོས་པ་དང་ངོ་མཚར་སྐྱེས་དགོས་པ་རེད། ལྟ་གྲུབ་ཀྱི་ཐོག་ནས་སེམས་ཁམས་རིག་པ་དང་སྦྲེལ་ནས་བསམ་བློ་བཏང་བ་ཡིན་ན་སངས་རྒྱས་པའི་ཆོས་ནི་མི་འདྲ་བ་ཞིག་རེད། 

དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་མ་འདྲ་བ་ཞིག་རེད། ང་ཚོར་བོད་པ་ལ་མཚོན་ན་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་ཐུགས་བསྐྱེད་དང་སྨོན་ལམ། ཐབས་མཁས་ཀྱི་མཛད་འཕྲིན་ལ་བསྟེན་ནས་ང་ཚོའི་བོད་མི་རིགས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་དམིགས་བསལ་ཞིག་ཆགས། དེང་སང་ང་ཚོ་བཙན་བྱོལ་བ་ཆགས་པ་དང་། བོད་རྒྱ་ཆེའི་མི་མང་དཀའ་ངལ་འོག་ལ་གནས་ཏེ་ཧ་ཅང་སྐྱོ་བོ་ཡིན་ཀྱང་། འཛམ་གླིང་འདིར་ཆོས་ལ་དད་པ་ཡོད་མེད་ལ་མ་བལྟས་པར་བསམ་བློ་ཅུང་ཡོད་མཁན་ནམ་རྒྱུ་མཚན་ལ་བརྟག་དཔྱད་བྱེད་མཁན་གྱི་མི་མང་པོས་ནཱ་ལེནྡྲའི་ཆོས་བརྒྱུད་འདི་མ་འདྲ་བ་ཡོད་པ་ཞིག་དང་། ཚན་རིག་མཉམ་དུ་འགྲོ་ཐུབ་པའི་དོ་སྣང་ཞིག་སླེབས་ཡོད་པ་རེད། དེ་འཛིན་མཁན་འཛམ་གླིང་འདིར་གཙོ་བོ་བོད་མི་གཅིག་པུ་རེད། བོད་ཀྱི་སྐད་ཡིག་དེའང་གཞན་དང་མ་འདྲ་བ་ཞིག་རེད།  དེར་བརྟེན་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་སེར་སྐྱ་དབྱེ་བ་མེད་པར་ཚང་མས་ང་རང་ཚོའི་རིག་གཞུང་དང་། ང་རང་ཚོའི་ལོ་སྟོང་ཕྲག་རིང་གི་གོམས་གཤིས། སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཐོན་པ་ཞིག་དང་མི་རིགས་ཀྱི་རྣམ་པ་ཐོན་པ་ཞིག མི་རིགས་སྤོབས་པ་བྱེད་དགོས་པ་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་ལ་འདུག་མཁན་བོད་མི་ཚང་མས་འདས་པའི་ལོ་ལྔ་བཅུ་ང་བརྒྱད་ལྷག་རིང་ཧུར་ཐག་གནང་ཡོད། 

སྐབས་སུ་བབ་པ་ཕན་བདེ་ལེགས་བཤད་གླིང་འདི་མཁན་པོས་གསུངས་པ་ལྟར་༸རྒྱལ་བ་རིན་པོ་ཆེའི་གམ་བཅར་ཞེས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཡིན། གདན་སར་མཚོན་ན་སོ་སོའི་དེ་སྔའི་འགྲོ་སྟངས་ལ་བསྟུན་དགོས་པ་རེད་མ་གཏོགས་ངོས་ནས་ལམ་སེང་བསྒྱུར་བཅོས་གཏོང་བ་ལ་དཀའ་ངལ་འདུག ཁྲི་རིན་པོ་ཆེ་སོགས་དབུ་ཁྲིད་ཚང་མར་ངོས་ནས་ཞུ་བཞིན་ཡོད། ང་ཚོའི་འཆར་ཅན་གྱི་འགྲོ་སྟངས་འདིས་ལྡང་གི་འདུག་གམ་མི་འདུག བསམ་བློ་བཏང་ནས་དངོས་ཡོད་གནས་ཚུལ་ལ་རན་དང་མ་རན། འཐུས་སྒོ་ཚང་དང་མ་ཚང་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག་ཅེས་ཞུ་བཞིན་ཡོད། ལོ་རྗེས་མ་རྡོ་རྗེ་གདན་ལ་འཛོམས་ཀྱི་རེད། དེ་དུས་བཀའ་མོལ་ཞུ་བའི་རྩིས་དང་བཀའ་མོལ་ཡོང་ཡང་ཡོང་གི་རེད། དེ་ལྟར་འགྲོ་བཞིན་ཡོད། གམ་བཅར་ཕན་བདེ་ལེགས་བཤད་གླིང་ཞེས་༸རྒྱལ་བ་རིན་པོ་ཆེའི་འཁྲིས་ལ་ཡོད་པས་ཡར་ལ་སྐྱེལ་བ་དང་མར་ལ་ཕབ་པ་གང་ཡིན་ཀྱང་ངའི་ལག་པར་ཡོད་པ་རེད། ཅེས་སོགས་བཞད་མོ་དང་འབྲེལ་བཀའ་སློབ་སྩལ་བ་དང་། ཅེས་དང་། 

གཞན་ཡང་། དུས་འཁོར་གྱི་ཐིག་དང་རྡུལ་མཚོན་སྐོར་ནས་གྲྭ་ཚང་འདི་ཕལ་ཆེར་ཁུངས་གཏུགས་ས་ཆགས་ཡོད་པའི་སྐོར་དང་། སློབ་གཉེར་མ་བྱས་པ་ལ་རྐྱེན་བྱས་ཏེ་འཐུས་ཤོར་འགྲོ་བཞིན་ཡོད་པས་ཕན་བདེ་ལེགས་བཤད་གླིང་ལ་སྔོན་ལ་མཚན་ཉིད་ལ་ལྟ་དགོས་པའི་འབོད་སྐུལ་ཞུས་པ་ཡིན།  དགོན་པ་ཆེ་ཆུང་གང་ཡིན་ཀྱང་ཤེས་ཡོན་གྱི་ལྟེ་གནས་ཤིག་ཆགས་དགོས་པ་དང་། གདན་སར་མཚོན་ནའང་སྒྲུབ་གྲྭ་༼སྒོམ་གྲྭ་༽ཞིག་བཟོས་དགོས་ཀྱི་འདུག་ཅེས་ཞུས་ཡོད། གམ་བཅར་རྣམ་རྒྱལ་གྲྭ་ཚང་དེ་ངོས་རང་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གསོན་པའི་སྐབས་ལ་གསོན་གཡོག་ཆགས་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་མཁན་རིན་པོ་ཆེ་སོགས་ནས་མཇལ་ཁ་ཞུས་ཏེ་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གསར་པ་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། སང་ཉིན་ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་༩ བ་ནས་ ༡༡།༣༠ པར་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཅས།།