སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་ཁུལ་ཆིབས་བསྒྱུར།

མདུན་ངོས། / སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་ཁུལ་ཆིབས་བསྒྱུར།

2010/3/19
        
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཟླའི་ཚེས་ ༡ དང༌། ༡༢ །༡༣ །༡༥ བཅས་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཕོ་བྲང་དུ་རབ་བྱུང་ཕོ་མོ་གྲངས་ ༢༣༡ ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་གནང་བསྒྲུབས་རྗེས། རྒྱ་གར་གྱི་མངའ་སྡེ་མ་དེ་ཡའི་རྒྱལ་ས་བྷོ་པལ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཚེས་ ༡༦ ཉིན་རྒྱབ་ཚོུད་ ༣ སྐར་མ་ ༣༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་མཁའ་ལམ་བརྒྱུད་དྷི་ལི་དང་། དེ་ནས་བྷོ་པལ་དུ་ཆིབས་བསྒྱུར་བསྐྱངས། བྷོ་པལ་དུ་ཞབས་སོར་མཁོད་མ་ཐག་མངའ་སྡེའི་བློན་ཆེན་དང༌། ཁྲིམས་དཔོན་སོགས་གནད་ཡོད་མི་སྣ་དུ་མ་ལས་གྲུབ་པའི་ཚོགས་མགོན་དུ་ྋཞབས་སོར་མཁོད་དེ་འགྲོ་བ་མིའི་ཐོབ་ཐང་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད། 

དེ་རིང་ཕྱི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་ཨ་ཤོ་ཀ་མགྲོན་ཁང་དུ་ཉིན་གྲངས་གསུམ་གྱི་རིང་དད་ལྡན་ཆོས་ཞུ་བ་མང་ཚོགས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་སྩལ་མགོ་ཚུགས་ཡོད། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣར་མཇལ་འཕྲད་དང༌། གསར་འགོད་པར་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུའི་གསར་གནས་སུ།།