ྋགོང་ས་མཆོག་ལ་བོད་གཞུང་མང་གིས་བརྟན་བཞུགས་ཕུལ་བ།

མདུན་ངོས། / ྋགོང་ས་མཆོག་ལ་བོད་གཞུང་མང་གིས་བརྟན་བཞུགས་ཕུལ་བ།

2010/3/2

བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་ བརྩིའི་སྔ་གཞུག་གཉིས་སུ་ྋགོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་རེ་བསྟར་འབུལ་ཞུ་ རྒྱུའི་ལས་རིམ་སྔོན་ནས་ཡོད་པ་བཞིན། མཇུག་བསྡོམས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། བོད་ལྕགས་སྟག་ལོའི་ཟླ་དང་པོའི་ཚེས་༡༧ དང་ཕྱི་ཟླ་༣ པའི་ཚེས་༢ ཉིན་བོད་གཞུང་མང་ལྷ་མི་ཡོངས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་ བསྟན་བར་ཆད་ཀྱི་རིགས་གཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་ བོར་བརྟན་ཅིང།ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་ཆེད་བླ་ལྷའི་བཀའ་ལུང་ཁག་གཞིར་བཟུང། ཚེ་དཔག་མེད་ནང་སྒྲུབ་འཆི་མེད་ལྷ་ལྔའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་པ་དང་། དེར་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཁག གཞན་ཡང་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་ཡོངས་ལ་བཀའ་སློབ་སྩལ་དོན། དེ་རིང་ཚེ་དཔག་མེད་དག་སྣང་མཆི་མེད་ལྷ་ལྔའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་གནང་བར་ཐུགས་རྗ་ཆེ་ཞུ་རྒྱུ་ཡིན། བར་སྐབས་ཤིག་ལ་བརྟན་བཞུགས་ཚར་མང་པོ་ཞིག་ལ་(ྋས་སྐྱ་བདག་ཁྲི་རིན་པོ་ཆེ)རིན་པོ་ཆེ་དབུ་བཞུགས་གནང་ནས་མཎྜལ་བཤད་པ་སྐྱོན་པ་རེད། ད་གིན་རིན་པོ་ཆེ་ལ་སྐུ་རྩེད་ཞུས་ནས་ྋས་སྐྱ་བདག་ཁྲི་རིན་པོ་ཆེས་མཎྜལ་བཤད་པའི་ཁྲལ་སྒྲུབ་ཀྱི་ཡོད་རེད་བཤད་པ་ཡིན། (བཞད་མོ་བཞད)རིན་པོ་ཆེས་ཁྲལ་ཡག་ཐག་ཆོད་བསྒྲུབས་སོང། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་དངོས་སུ་འདུས་པའི་དད་ལྡན་སེར་སྐྱ་མང་ཚོགས་ཡིན་ན་འདྲ། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་ལུས་པོ་གཞན་དབང་ལ་ཚུད་བསྡད་ཡོད་པ་རེད་དེ། ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་བོད་ཀྱི་བདེན་པའི་ཐོབ་ཐང་ཆེད་ལྷག་བསམ་བརྟན་པོར་སྡོད་མཁན་རྣམས། བར་སྐབས་དྲག་གནོན་འོག་འདས་གྲོངས་ཕྱིན་པ་མང་པོ་ཡོད་པ་རེད། ཁོང་ཚོར་དེ་རིང་གི་གོ་སྐབས་འདི་བཟུང་ནས་ང་ཚོ་ཚང་མས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཁོང་ཚོས་བོད་བསྟན་སྲིད་དོན་དུ་སྲོག་དོར་བ་རེད། དེ་འདྲ་ཡིན་དུས་ཏན་ཏན་ལྷག་བསམ་དེའི་འབྲས་བུ་ལ་སྐྱེ་གནས་བཟང་པོ་ཞིག་ཡོང་བ་ཕལ་ཆེར་ངེས་པ་རེད། དེ་བཞིན་རྡུང་རྡེག་མནར་གཅོད་ཀྱི་འོག་ནས་ལུས་པོ་ནད་གཅོང་དུ་གྱུར་པ་མང་པོ་ཡོད་རེད། དེ་དག་ནད་གཅོང་གི་སྡུག་བསྔལ་ལས་རིམ་པར་གྲོལ་ཐུབ་པ་དང། ཚེ་རིང་དུ་གནས་པའི་སྨོན་ལམ་རྒྱག་རྒྱུ་དང། དེ་བཞིན་ལྷག་བསམ་སྙིང་སྟོབས་འཆང་མཁན་གྱི་མི་རབས་རྒན་པ་ཚོ་རིམ་པས་ན་ཚོད་ཀྱིས་གཏུག་འགྲོ་ཡི་ཡོད། དེ་ཚོ་ད་དུང་ཡང་རིང་དུ་འཚོ་བའི་ཚང་མས་སྨོན་ལམ་རྒྱག་དགོས་པ་རེད། ད་ལྟ་བར་དུ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ལྷག་བསམ་རྩེ་གཅིག་ཏུ་གནས་ནས་ཡོད་པ་ཡིན་དུས་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ལ། ད་དུང་ཡང་དད་དམ་ལྷག་བསམ་གཡོ་མེད་ཀྱིས་གནས་རྒྱུ་གལ་ཆེན་པོ་རེད ། རང་དབང་ལུང་པའི་ཕྱོགས་མཚམས་ལ་ཡོད་པའི་བོད་རིགས་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་རང་དབང་ལུང་པར་བསྡད་ནས་གོ་སྐབས་ཡོད་པ་ཆུད་ཟོས་སུ་མ་སོང་བ་ཞིག་ངེས་པར་བསྒྲུབ་དགོས་ཀྱི་རེད། རང་གི་དོན་དག་རང་དོན་རང་གཅེས་ཀྱིས་བསྒྲུབ་དགོས་ཀྱི་རེད་དེ། རང་གི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པ་ཡིན་དུས་ཇི་སྲིད་ལུས་དེ་མ་དོར་བར་དུ་བོད་སྤྱི་པའི་འགན་འཁྲི་ཡོད་པ་རེད། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་བའི་མིག་འབུར་གཏོད་ཀྱི་ཡོད་པ་དེ་ཤེས་པ་བྱས་ནས་རང་ཉིད་ཕྱོགས་མཚམས་གང་དུ་ཡོད་ཀྱང་བོད་སྤྱི་པའི་བདེ་དོན་དེ་སེམས་ནས་མ་བརྗེད་པར་སྐབས་བབ་སོ་སོས་ཐབས་ཤེས་གང་བྱེད་ཐུབ་ནའང་ཧུར་ཐག་བྱེད་རོགས་གྱིས་ཞེས་ཟེར་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་གནང་སོང། དགའ་གདོང་ཤིང་བྱ་ཅན་དང་གནས་ཆུང་ཆོས་རྒྱལ་ཆེན་པོ། ཚེ་རིང་མཆེད་ལྔ་བཅས་ལྷ་བབ་སྤྱན་འདྲེན་རྫོགས་མཚམས། ྋས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེས་མཎྜལ་ལྗགས་བཤད་གནང་ནས་བརྟན་བཞུགས་ཀྱི་རིམ་པ་རྣམས་ལེགས་པར་གྲུབ་སོང་།།