ྋགོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད།

མདུན་ངོས། / ྋགོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད།

2010/2/19


ཕྱི་ཚེས་༡༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་ གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་ཡོད། དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོའི་ཁང་བརྩེགས་འོག་མའི་ནང་གི་ས་ཁྲའི་ཁང་ཆེན་ནང་དུ་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་སྲིད་འཛིན་ཨོ་བྷ་མས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་གཅེས་འཛིན་ཡོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བོད་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་ཤུགས་ཆེའི་རྒྱབ་སྐྱོར་གནང་ཡོད་པ་དང་། དེ་བཞིན་དུ་སྲིད་འཛིན་མཆོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དང་། ཁོང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཡོང་ཐབས་ལ་བློ་བརྟན་འགྱུར་མེད་ངང་གནས་པ་དེར་རྗེས་སུ་ཡི་རངས་ཞུས་ཡོད།

སྲིད་འཛིན་གྱིས་ནན་བཤད་གནང་དོན། ཁོང་གིས་དུས་རྒྱུན་དུ་ཕྱོགས་གཉིས་ཀས་ཐད་ཀའི་བཀའ་མོལ་གནང་སྟེ་འགལ་བ་གང་ཡོད་སེལ་ཐབས་བྱ་དགོས་པ་དང་། ཉེ་ཆར་འབྲེལ་བ་བསྐྱར་མཐུད་ཀྱིས་བཀའ་མོལ་གནང་བ་ཐོས་པས་དགྱེས་ཚོར་བྱུང་ཡོད་ཅེས་དང་། སྲིད་འཛིན་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཀྱིས་ཨ་རི་དང་རྒྱ་ནག་བར་བཟང་ཕྱོགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་དགོས་སྐོར་ལ་ཐུགས་མཐུན་གནང་ཡོད་པ་དང་། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་གྲུབ་མཚམས་ཕོ་བྲང་དཀར་པོ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། ྋསྤྱི་ནོར་ྋགོང་ས་སྐྱབས་མཆོན་ཆེན་པོ་མཆོག་ནས་ཀྱང་གསར་འགོད་པ་རྣམས་ལ་གསུངས་དོན། ཁོང་ཉིད་རླབས་ཆེ་བའི་མང་གཙོའི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ལ་མཇལ་འཕྲད་བྱུང་བར་དགའ་སྤྲོ་བྱུང་། སྲིད་འཛིན་ཀྱིས་བོད་དོན་དང་འཛམ་གླིང་སྟེང་གི་དཀའ་རྙོག་མང་པོ་ཞིག་ལ་སེམས་གཏིངས་ནས་ཐུགས་བསམ་བཞེས་ཀྱི་འདུག་པས་ངས་ཀྱང་འགྲོ་བ་མིའི་རིན་ཐང་དར་ཁྱབ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ཁོང་ལ་བཤད་པ་ཡིན། དེ་བཞིན་བོད་རྒྱ་འབྲེལ་མོལ་ཐད་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་ནས་བོད་རྒྱ་གཉིས་བར་མུ་མཐུད་གྲོས་མོལ་བྱེད་རྒྱུར་སྲིད་འཛིན་གྱིས་རྒྱབ་སྐྱོར་གནང་གི་འདུག་ཅེས་བཀའ་གནང་།

ྋགོང་ས་མཆོག་གིས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་གྲུབ་ནས། ཉིན་རྒྱབ་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རེ་ཁི་ལིན་ཊོན་མཆོག་ལའང་མཇལ་འཕྲད་གནང་ཡོད་པ་བཅས་ཀྱི་གསར་གནས་སུ།།