ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་རེད།

མདུན་ངོས། / ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་རེད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༨ ཉིན་རྒྱ་གར་བྱང་ཤར་མ་ནི་པུར་ Manipur མངའ་སྡེའི་རྒྱལ་ས་ཨིམ་ཕཱལ་ Imphal གྱི་ཀོན་ཝེན་ཤེན་སེན་ཊར་ Convention Center ཞེས་པའི་ཚོགས་ཁང་ནང་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐོག་བཀའ་སློབ་མ་སྩལ་གོང་། ཐོག་མར་གསར་འགོད་པ་ཁག་གཅིག་ལ་བཀའ་སློབ་སྩལ་དོན།  ངོས་རང་བྱིས་པའི་སྐབས་ནས་མ་ནི་པུར་བརྒྱུད་ཡོད་རེད། ད་ཆ་འདི་གར་དངོས་སུ་བཅར་ནས་ཁྱེད་ཚོ་དང་ཐུག་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་།

ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དེ་གཙོ་འདོན་བྱེད་བཞིན་ཡོད།  ང་ཚོ་ཚང་མས་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་པ་ལྟར་བདེ་སྐྱིད་ལྡན་པའི་མི་ཚེ་བསྐྱལ་རྒྱུའི་ཐོབ་ཐང་ཡང་ཡོད།  འོན་ཀྱང་བདེ་སྐྱིད་ཀྱི་རྩ་བ་ནི་གཞན་ལ་བྱམས་བརྩེ་སྤེལ་རྒྱུ་དེ་ཡིན།  ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་བརྗོད་ན།  འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་མིའི་བསམ་བློའི་ནང་ཞི་བདེ་བསྐྲུན་རྒྱུར་ཞབས་འདེགས་ཧ་ཅང་བསྒྲུབ་བཞིན་ཡོད།

སྤྱིར་ཆོས་ལུགས་སོ་སོའི་ཐབས་ལམ་དང་བཞེངས་ཕྱོགས་མི་འདྲ་ཙམ་ལས་ཆོས་ལུགས་དེ་དག་ཚང་མར་མི་བཟང་པོ་ཞིག་བསྐྲུན་རྒྱུའི་ནུས་པ་ལྡན་ཡོད།  དེར་བརྟེན་ཆོས་ལུགས་ནང་ཁུལ་འཆམ་མཐུན་དང་ཕན་ཚུན་གུས་བརྩི་ཞུ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད།  རྒྱ་གར་ལྟ་བུ་དཔེ་མཚོན་གསོན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་རྒྱུ་རེད།

ཡུལ་འདིར་གདོད་མའི་ཆོས་ལུགས་དང་ཕྱིས་སུ་ཡུལ་གྲུ་གཞན་ནས་དར་འཕེལ་བྱུང་བའི་ཆོས་ལུགས་ཕན་ཚུན་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་འཆམ་མཐུན་ངང་གནས་ཐུབ་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས་གསར་འགོད་པ་ཚོས་ཀྱང་དུས་རྟག་ཏུ་གནས་ཚུལ་སྡུག་པ་རྐྱང་དྲིལ་བསྒྲགས་མ་གནང་བར་སྐབས་རེ་བཟང་ཕྱོགས་ཀྱི་གནས་ཚུལ་ཡང་དགོད་དགོས་པ་མ་ཟད།  ལྷག་པར་ལྐོག་ཟའི་གནས་ཚུལ་དང་སྲིད་དབང་སྒེར་གཅོད་པའི་གནས་ཚུལ་རིགས་ངེས་པར་དུ་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་།  ང་ཚོ་གསོན་པོར་འཚོ་རྒྱུར་བྱམས་བརྩེ་ནི་མེད་དུ་མི་རུང་བ་ཞིག་ཡིན་པའི་གནས་སྟངས་དེ་དག་ངེས་པར་དུ་གསལ་འདོན་གནང་ཐུབ་དགོས་སྐོར་བཀའ་ལན་སྩལ།

སྐབས་དེར་གསར་འགོད་པ་ཞིག་གིས་༸སྐུའི་ཡང་སྲིད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན།  ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དེ་ངོས་ལ་ཇུས་གཏོགས་མེད།  དེ་སྔ་ཕྱི་ལོ་ ༡༩༦༩ སྐབས་ནས་ངོས་ཀྱིས་མ་འོངས་པར་ཏཱ་ལའི་བླ་མའི་བླ་བྲང་དེ་གནས་དང་མ་གནས་ཐག་གཅོད་དེ་བོད་མི་ཚོས་བྱ་རྒྱུ་རེད་ཅེས་བརྗོད་པ་ཡིན།  ཕྱོགས་མཚུངས་ངོས་རང་ལོ་ ༨༥ ནས་ ༩༠ མཚམས་སུ་བསླེབ་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་ལྷན་གོ་བསྡུར་བྱ་རྒྱུ་ཡིན་ཞེས་ངོས་ཀྱིས་ཧ་ཅང་གསལ་པོ་བྱས་ནས་བརྗོད་རྒྱུ་བྱུང་།

བོད་མིའི་ཆབ་སྲིད་ཀྱི་ལས་འགན་ཐོག་ནས་བརྗོད་ན།  ཕྱི་ལོ་ ༢༠༠༡ ནས་བཟུང་ངོས་རང་ཕྱེད་རྒན་ཡོལ་བྱས་ནས་བསྡད་པ་ཡིན།   ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ནས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུས་ཏེ་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ལ་རྩིས་སྤྲོད་དང་སྦྲགས།    ལོ་ངོ་བཞི་བརྒྱ་ཙམ་རིང་ཏཱ་ལའི་བླ་མས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱ་རྒྱུའི་ལམ་ལུགས་རྙིང་པ་དེ་དགའ་ཞིང་སྤྲོ་ཞིང་། སྤོབས་པ་དང་བཅས་མཇུག་སྒྲིལ་བ་ཡིན།  ཞེས་བཀའ་ལན་སྩལ་རྗེས་ཀོན་ཝེན་ཤེན་ཚོགས་ཁང་ནང་མི་གྲངས་ ༧༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་ཡོད་པ་དང་།

ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པ་ཙམ་ལ་རྒྱ་གར་བྱང་ཤར་མ་ནི་པུར་ཁུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་ནས་ཀང་ར་གནམ་ཐང་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་བཅས།།