ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སློབ་དེབ་དབུ་འབྱེད་མཛད་པ། 

མདུན་ངོས། / ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སློབ་དེབ་དབུ་འབྱེད་མཛད་པ། 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ཉིན་གྱི་སྔ་དྲོ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་AyurGyan Nyas ཞེས་པའི་ཐེབས་རྩ་ཁང་གིས་གདན་ཞུས་ལྟར་རྒྱ་གར་ཡུ་པི་མངའ་སྡེའི་མེ་རཌ་(Meerut)གྲོང་ཁྱེར་ནང་ཡོད་པའི་གཞུང་གི་སློབ་གྲྭ་ DAV Central Public School  ཞེས་པའི་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སློབ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་བསྒྱུར་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་ ༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གྱིས་ཀང་ར་གནང་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༡༦ ཉིན་གྱི་སྔ་དྲོ་ཡུ་པི་མངའ་སྡེའི་མེ་རཌ་གྲོང་ཁྱེར་གྱི་གཞུང་གི་སློབ་གྲྭ་ DAV Central Public School  ཞེས་ཆིབས་བསྒྱུར་སྐབས་ སློབ་གྲྭའི་དེ་གའི་སློབ་སྤྱི་དང་AyurGyan Nyas ཐེབས་རྩ་ཁང་ཐུང་མོང་གིས་མཛད་སྒོར་ཆིབས་བསྒྱུར་མཛད་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་། དེ་རྗེས་༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ཁབ་ཁོ་ནར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ངོས་འཛིན་དང་འབྲེལ།  AyurGyan Nyas ཐེབས་རྩ་ཁང་གིས་རྐང་འགན་བཞེས་ཏེ་ཤེས་ཡོན་བསྟི་གནས་ཁང་ཁག་ཅིག་དང་མཉམ་རུབ་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་བསླབ་གཞི་གཏན་འབེབས་གནང་པ་ནི་༸མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་གནང་བ་ཁག་དོན་དངོས་ཐོག་ལག་བསྟར་གནང་པ་ཞིག་ཡིན་སྟབས་ཧ་ཅང་དགའ་བོ་བྱུང་སོང་ཞེས་སོགས་དགེ་ལས་སློབ་ཕྲུག་གྲངས་ ༡༥༠༠ བརྒལ་བར་བཀའ་སློབ་དབུ་འཛུགས་མཛད། 

གཞན་ཡང་། ད་ཆ་བསླབ་གཞི་གསར་པ་དེའི་དམིགས་ཡུལ་གཙོ་བོ་ས་གནས་རྒྱ་གར་གྱི་སློབ་གྲྭ་གཙོས་ཉེ་འཁོར་གྱི་སྤྱི་ཚོགས་ཁོ་ན་མིན་པར་འགྲོ་བ་མི་ཐེར་འབུམ་བདུན་གྱི་བདེ་སྐྱིད་ལ་དམིགས་དགོས་པ་དང་། འདས་ཟིན་པའི་དུས་རབས་ ༢༠ དེའི་ནང་མི་ཕན་ཚུན་དབར་མི་བསད་ཁྲག་སྦྱོར་བྱས་པའི་དུས་རབས་ཤིག་ཆགས་ཡོད་ཀྱང་། སློབ་ཕྲུག་ཁྱེད་རང་ཚོ་ད་ལྟའི་དུས་རབས་ ༢༡ པ་འདིའི་མི་རབས་ཤ་སྟག་ཡིན་པས་དུས་རབས་འདི་སྔར་ལས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་གོ་སྐབས་དང་འགན་འཁྲི་དམིགས་བསལ་བ་ཡོད།  འཇིག་རྟེན་ཀུན་ལ་ཁྱབ་པའི་སྤྱོད་བཟང་ཞེས་པ་དེ་ཆོས་ལུགས་ལ་མ་བརྟེན་པར་གཞི་རྩའི་མིའི་ལྷན་སྐྱེས་དང་འབྲེལ་བ་ཡོད་སྐོར་དང་།  རིན་ཐང་དེ་དག་དེང་དུས་ཤེས་ཡོན་གྱི་ལམ་ནས་གོང་མཐོར་གཏོང་ཐབས་བྱེད་དགོས་པའི་ལམ་སྟོན་སྩལ་བ་ལྟར་སློབ་གྲྭ་དེས་མཚོན་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཊ་ཊ་སྤྱི་ཚོགས་ཚན་རིག་ Tata Institute of Social Sciences ཤེས་ཡོན་བསྟི་གནས་ཁང་སོགས་རྒྱ་གར་ཙམ་མ་ཟད།   ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་སློབ་དེབ་ངོ་བོའི་ཐོག་ནས་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད་ཅེས་དང་། དེ་ལྟ་བུའི་གནས་ཚུལ་མཇལ་སྐབས་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་བྱུང་བཞིན་ཡོད་སྐོར་བཀའ་སློབ་སྩལ།

ཡང་། སྤྱིར་དེང་དུས་འཛམ་གླིང་ནང་ཕྱི་དངོས་པོའི་མཐུན་རྐྱེན་གཙོ་བོར་བཟུང་ནས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་པ་དེར་བརྟེན་འཛམ་གླིང་ནང་རྙོག་དྲ་བསྟུད་མར་ཡོང་བཞིན་པ་དང་། རྙོག་དྲ་དེ་དག་དྲག་པོའི་སྟོབས་ཤུགས་ཀྱི་ལམ་ནས་སེལ་ཐབས་མེད་སྟབས་ནང་གི་བསམ་བློའི་ཐོག་ནས་སེལ་དགོས་པར་བརྟེན་ཕྱི་དངོས་པོའི་འཛུགས་སྐྲུན་དང་ནང་གཤིས་རྒྱུད་ཀྱི་རིན་ཐང་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་བསྲན་སོགས་བཟང་པོའི་རིན་ཐང་དེ་དག་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་དགོས་སྐོར་དང་།

དུས་རབས་ ༢༡ འདི་གང་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པར་བརྟེན་ད་ལྟ་ནས་གཞོན་སྐྱེས་མི་རབས་གསར་པ་ཚོས་གོ་སྐབས་བཟུང་ནས་འཛམ་གླིང་འཚེ་མེད་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བཟོ་ཐབས་བྱེད་དགོས་སྐོར་སོགས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་ཡོད་པ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་དགུའི་སློབ་སྤྱི་རྣམས་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་གྱི་སློབ་དེབ་གསོལ་སྩལ་མཛད་། ཐེངས་འདིར་དབུ་འབྱེད་ཞུས་པའི་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་གྱི་སློབ་དེབ་དེ་གོ་སྒྲིག་གནང་མཁན་ AyurGyan Nyas ཐེབས་རྩ་ཁང་ཡིན་འདུག་ཅིང་།  འཛིན་རིམ་དྲུག་པ་ནས་བརྒྱད་པའི་དབར་གྱི་སློབ་མ་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ཚོད་ལྟ་གནང་འདུག་པ་བཅས།།