ཞི་བདེ་དེ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་བ་ཞིག་དགོས།

མདུན་ངོས། / ཞི་བདེ་དེ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་བ་ཞིག་དགོས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་སྡེ་ཁག་ ༢༢ ཀྱི་ཆོས་ཞུ་བ་གཙོ་གྱུར་བའི་དད་ལྡན་སེར་སྐྱ་མི་མང་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་བཀའ་ཆོས་ཉིན་གསུམ་པར་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་དང་། རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་༨།༣༠ ཙམ་བཞུགས་སྒར་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་ཆོས་ཞུ་བ་རྣམས་ཀྱིས་དམིགས་བརྩེ་མ་དབྱངས་དང་བཅས་གསུང་འདོན་གནང་སྟེ་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཐའེ་ལན་ཌའི་དགེ་འདུན་པ་ཁག་ཅིག་གིས་ཆོས་ཀྱི་ཚིགས་སུ་བཅད་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་ཆོས་ཞུ་བ་སེར་སྐྱ་མི་མང་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་འཆར་ཅན་ལྟར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།  

ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་སྤྱི་དང་ལྷག་པར་དུ་འཛམ་གླིང་འདིའི་སྟེང་གི་སེམས་ཅན་དང་། དེའི་ནང་ཚན་ནས་སྨྲ་ཤེས་ཤིང་དོན་གོ་བའི་མི་རིགས་རེད། རྙོག་དྲ་བཟོ་མཁན་གཙོ་བོ་མིའི་རིགས་རེད། དུད་འགྲོ་གྲངས་ཀྱིས་མི་ལོངས་པ་ཞིག་ཡོད་ཀྱང་རྙོག་དྲ་ཆེན་པོ་བཟོ་ཡི་མེད། སྟག་དང་འདམ་སེང་སོགས་ཤ་གཟན་གྱི་སེམས་ཅན་རེད། སྔོན་རྒྱ་གར་གྱི་ཧེ་དུ་ར་བྷ་དུ་(Hydrebad)གྲོང་ཁྱེར་གྱི་གླིང་ག་ཞིག་ཏུ་ར་སྐོར་གཅིག་ཏུ་གཟིག་གཅིག་དང་། ཟུར་དུ་སྟག་ཁ་ཤས་ཤིག་འདུག དེའི་ཟུར་ཞིག་ཏུ་བྱ་མང་པོ་ཞིག་འདུག ངས་དེ་ལ་གླིང་ཀ་གཅིག་གི་ནང་དུ་སྟག་དང་ཤྭ་བ་ཡོད་སའི་བར་དུ་བཅད་བརྒྱབ་པ་སོགས་གང་ཡང་མི་འདུག ཉེན་ཁ་ཡོད་པ་མ་རེད་དམ། ཞེས་དྲིས་པ་ཡིན། ཉེན་ཁ་མི་འདུག སྟག་ལ་ཉིན་རེར་ཤ་སྤྲད་ནས་གྲོད་ཁོག་འགྲངས་ཚེ་ཉལ་ནས་སྡོད་ཀྱི་འདུག གནོད་པ་གང་ཡང་བྱེད་ཀྱི་མི་འདུག་ཅེས་ཟེར། དེར་བརྟེན་དུད་འགྲོ་དེ་དག་ཤ་གཟན་གྱི་རིགས་ཡིན་ཡང་། སྐབས་ཐོག་གྲོད་ཁོག་ལྟོགས་ནས་ཟོས་བཞག་པ་མ་གཏོགས་དེ་ལས་ལྷག་པའི་རྒྱ་ཆེན་པོའི་གནོད་འཚེ་ལ་བསམ་བཏང་བྱེད་ཀྱི་མི་འདུག ང་ཚོ་མི་ནི་སོ་སོའི་འཕྲལ་སེལ་གྱི་དོན་དག་གཅིག་པུ་མ་ཡིན་པར་དཔུང་སྒྲིག་ནས་དམག་ཟེར་བ་མིའི་སྤྱི་ཚོགས་ནང་དུ་ཡོད་པ་མ་གཏོགས་དུད་འགྲོའི་སྤྱི་ཚོགས་ནང་དུ་ཡོད་པ་མ་རེད། སྤྲེའུ་རིགས་ལྟ་བུ་ཁ་ཤས་ལ་ཚོགས་ཁག་བྱས་ཏེ་འཛིང་རེས་བྱེད་པ་ཡོང་གི་ཡོད་པ་རེད། ཐལ་ཆ་ཆེ་བ་མི་གཅིག་པུ་ལ་མ་གཏོགས་ཡོད་པ་མ་རེད། 

ལོ་སྟོང་ཕྲག་ཁ་ཤས་ཀྱི་རིང་དུ་གསོད་རེས་བྱེད་པའི་དམག་འཁྲུག་མིའི་ལོ་རྒྱུས་ནང་བྱུང་ཡོད་པ་རེད། འཛམ་གླིང་འདི་ཡར་རྒྱས་ལ་འགྲོ་བཞིན་ཡོད་པའི་སྐད་ཆ་རེད། ཤེས་ཡོན་གྱི་ཐོག་ནས་ཡར་རྒྱས་ལ་འགྲོ་བ་དང་། བསམ་བློའི་ཐོག་ནས་ཡར་རྒྱས་འགྲོ་བ། དཔེར་ན། ངོས་རང་གི་མི་ཚེ་འདིར་ཆ་བཞག་ནའང་། ངོས་རང་ཕྱི་ལོ་ ༡༩༣༥ ལོར་སྐྱེས་པ་རེད། དེ་དུས་ཉི་ཧོང་དང་རྒྱ་ནག་གི་དམག་འཁྲུག་ཡོང་གྲབས་བྱེད་ཀྱི་ཡོད་པ་རེད། ཡུ་རོབ་ནང་དུ་ན་ཙིའི་ཤུགས་ཡར་ལ་སླེབས་ཏེ་གང་ལྟར་དམག་ཆེན་གཉིས་པའི་འགོ་ཚུགས་ཡོང་གི་ཡོད་པ་རེད། དེ་ནས་དམག་འཁྲུག་མང་པོ་བྱུང་བ་རེད། ཞིབ་ཕྲ་བཤད་དགོས་ཀྱི་མི་འདུག དེ་དུས་ཕལ་ཆེར་ཞི་བདེའི་སྐད་ཆ་བཤད་མཁན་ཧ་ཅང་ཉུང་ཉུང་རེད། དུས་རབས་ ༢༠ སྨད་ཆ་ནས་བཟུང་དུས་རབས་ ༢༡ པའི་ཞི་བདེའི་ཆེད་དུ་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་འདུག དེར་བརྟེན་འཛམ་གླིང་འདིར་ཤེས་ཡོན་དང་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་པ་དང་། རང་གི་ཉམས་མྱོང་གི་ཐོག་ནས་འཚེ་བ་ཟེར་བ་ཡག་པོ་མི་འདུག་བསམ་པ་མི་མང་པོའི་བསམ་བློའི་ནང་དུ་སླེབས་ཀྱི་ཡོད་པ་རེད། ཡུ་རོབ་ནང་ལ་ཡིན་ནའང་རེད། ཨེ་ཤ་ཡའི་ནང་དུ་ཡིན་ནའང་རེད། ཉི་ཧོང་ནང་དུ་ངོས་རང་སྐད་ཆ་བྱུང་། ཨ་མི་རི་ཀས་རྡུལ་ཕྲན་མཚོན་ཆ་གཉིས་གཞུས་པ་རེད། མི་ཧ་ཅང་མང་པོ་ཤི་ཡོད་པ་རེད། འཁོན་འཛིན་གྱི་རྣམ་པ་གང་ཡང་མི་འདུག དེ་བཞིན་འཇར་མན་ལ་འགད་རྫས་གཡུགས་ནས་གཏོར་བཤིག་ཆེན་པོ་བཏང་ཡོད་ཀྱང་ཁོ་ཚོའི་བསམ་བློའི་ནང་དུ་འཁོན་འཛིན་གྱི་རྣམ་པ་མཐོང་མ་སོང་། དེ་དག་ནི་འཛམ་གླིང་དུ་བསམ་བློ་ཡར་རྒྱས་ལ་ཕྱིན་པའི་རྟགས་རེད། 

ཕྱི་ལོ་ ༡༩༦༠ ནང་ངོས་རང་སངྒ་པུར་དུ་ཚར་གཅིག་གཉིས་ཤིག་སླེབས་ཡོད་པ་རེད། དེ་དུས་རྒྱ་ཡི་དགེ་སློང་ཁ་ཤས་ཡོད། ཁོང་ཚོས་རྒྱ་སྐད་ཐོག་ལ་ཤེས་རབ་སྙིང་པོ་གསུངས་པར་ངོས་ཀྱིས་ཉན་ནས་སྡོད་པའི་སྐབས་སུ་སེམས་ཧ་ཅང་སྐྱོ་སོང་། རྒྱ་སྐད་ཀྱི་ཐོག་ལ་ཤེས་རབ་སྙིང་པོ་གསུང་བ་དེ་རིམ་གྱིས་རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་བསྐྱར་གསོ་བྱེད་ཐུབ་ན་བསམ་པ་དྲན་སོང་། སངྒ་པུར་ལ་རྒྱ་རིགས་ཚོས་འདོན་པ་བཏོན་ཡང་སྐམ་ས་ཆེན་མོར་ཧ་ཅང་དཀའ་ངལ་ཡོད་པ་རེད། དེ་ནས་རིམ་བཞིན་འགྱུར་བ་ཕྱིན་ནས་དེང་སང་རྒྱ་ནག་ནང་དུ་ནང་པ་ཕོན་ཆེན་པོ་ཡོད་པ་རེད། ཕལ་ཆེར་ས་ཡ་བཞི་བརྒྱ་སྐོར་ཞིག་ཡོད་པ་རེད། དོན་གཉེར་ཅན་ཧ་ཅང་མང་པོ་ཡོང་གི་འདུག དེ་སྔ་ནང་པའི་ཆོས་མེད་སའི་ཡུལ་གྲུ་ཚོའི་ནང་དུའང་ནང་ཆོས་ཀྱི་ལྟ་གྲུབ་ཐོག་དོ་སྣང་བྱེད་མཁན་དང་། ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་བཞིན་ཡོད་པ་རེད། དེ་ལྟར་དུས་ཚོད་འགྱུར་བ་འགྲོ་བཞིན་ཡོད། དེ་སྔ་ནང་པ་མ་ཡིན་པའི་ཡུལ་གྲུ་རུ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་རན་པ་ཡོད་པ་རེད། ཆོས་ལུགས་བསྒྱུར་བཅོས་གཏོང་རྒྱུ་ནི་བདེ་བོ་མེད་པ་ཁ་སང་ནས་ཞུས་པ་ལྟར་རེད། ཡིན་ནའང་། མི་ས་ཡ་མང་པོའི་ནང་དུ་འགའ་ཤས་ལ་ཤར་ཕྱོགས་ཀྱི་ཆོས་སྤྱི་དང་ལྷག་པར་ནང་ཆོས་ལ་དོ་སྣང་བྱེད་མཁན་ཡོང་གི་རེད། དེ་སོ་སོའི་རང་དབང་རེད། 

རྒྱ་རིགས་ཆོས་གྲོགས་ཚོར་ཆ་བཞག་ན་ཕ་མེས་ནས་ནང་པ་རེད། ད་ལྟ་ང་ཚོས་དངོས་པོ་ཡར་རྒྱས་གཅིག་པུས་མ་ལྡང་བ་ཞིག་མཐོང་ནས་སེམས་ཀྱི་ཞི་བདེ་ཡོང་བར་དོ་སྣང་སླེབས་ཡོང་བའི་སྐབས་སུ་སེམས་ཀྱི་ཞི་བདེ་སྒྲུབ་པར་ཆོས་ཕྱོགས་ཀྱི་ཐོག་ནས་སྒྲུབ་པ་གཅིག་དང་། དེའི་ནང་ཚན་ནས་སངས་རྒྱས་པའི་སེམས་ཁམས་རིག་པའི་རྣམ་གཞག་ཤེས་པའི་ཐོག་ནས་སེམས་ལ་འགྱུར་བ་གཏོང་རྒྱུ་ཞིག་ཡོད་པ་དེས་འཛམ་གླིང་སྤྱི་ལའང་གང་ལ་གང་འཚམ་ཕན་ཐོགས་པ་ཞིག་ཡོད་པ་རེད། དེ་རིང་འདིར་རྒྱ་ཡི་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བར་ངོས་རང་ཡང་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཁྱེད་རང་ཚོ་ཧྭ་རན་(华人)ཟེར་དུས་འཛམ་གླིང་འདིར་གང་ས་གང་དུ་མང་པོ་ཡོད་པ་རེད། རྒྱ་ནག་ལ་ཆ་བཞག་ན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་(中华人民共和国)ཟེར་དུས་མི་འབོར་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ཅིག་རེད། མ་འོངས་པར་འཛམ་གླིང་ཞི་བདེ་ཡོང་བ་དང་། ཞི་བདེ་དེ་ཡང་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་བ་ཞིག་དགོས། སེམས་འཁྲུགས་བསྡད་ཚེ་ཞི་བདེ་ཡོང་ཐུབ་མེད། དེར་བརྟེན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་འཚམ་གྱིས་ཞབས་འདེགས་སྒྲུབ་པ་ཞིག་རེད།  སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་ལས་ལྷག་གི་ལུགས་སྲོལ་ཞིག་གསར་ཏུ་བཏོད་ནས་བསླབ་བྱ་ཞིག་ཡོད་ཚེ་གནས་ཚུལ་ཁ་ཁ་ཡིན་ཡང་དེ་འདྲ་མི་འདུག དེང་སོ་སོའི་ཕ་མེས་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་དམིགས་བསལ་གྱིས་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པ་རེད།  རྒྱ་ནག་སྐམ་ས་ཆེན་པོའི་ནང་ཡོད་པའི་རྒྱ་རིགས་དང་། དེ་བཞིན་ཐའེ་ཝན་ལ་ཡོད་པ་ཚོ་ལ་རང་དབང་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་གཏོང་བའི་གོ་སྐབས་ཤིག་ཡོད་པ་རེད། ཅེས་བཀའ་སློབ་སྩལ་བ་དང་། 

དེ་ནས་གསོལ་ཇའི་བར་གསེང་དུས་ཡུན་ཐུང་ཙམ་བཏང་རྗེས་དབུ་མ་འཇུག་པའི་གསུང་ཆོས་མཇུག་གྲུབ་མི་ཐུབ་པས་སྔོན་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་སྩལ་རྒྱུ་ཡིན་པའི་བཀའ་ཕེབས་པ་དང་འབྲེལ་རྗེ་ཙོང་ཁ་པ་ཆེན་པོས་འཇམ་པའི་དབྱངས་ཞལ་གཟིགས་པ་དང་དབུ་མའི་ལྟ་བུའི་སྐོར་ལ་བཀའ་འདྲི་ཞུས་པ་སོགས་རྣམ་ཐར་ངོ་སྤྲོད་མཛད་པ་དང་། དེ་རྗེས་ཆོས་ཞུ་བའི་ཁྲོད་ནས་སྒྲ་འཇུག་བྱས་པ་ལས་དབང་ལུང་མན་ངག་གི་རྒྱུན་ཐོབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར། དད་པ་དང་དམ་ཚིག དོན་གཉེར། ཀུན་སློང་བཅས་ཚང་ན་སྒྲ་འཇུག་བྱས་པར་ཉན་ནས་དབང་ལུང་མན་ངག་གི་རྒྱུན་ཐོབ་རུང་བར་གསུངས་པ་སོགས་བཀའ་ལན་རྒྱས་པར་སྩལ་བ་དང་། དེ་ནས་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་མུ་མཐུད་དུ་སྩལ་ནས་མཇུག་ལེགས་པར་གྲུབ་པ་དང་།  སླར་ཡང་དབུ་མ་འཇུག་པའི་སེམས་བསྐྱེད་དྲུག་པའི་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད།  །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་འཐོབ་འགྱུར་བས། །དེ་ནི་དོན་དུ་གཉེར་བས་ལམ་འདི་མཉན་པར་གྱིས།  །ཞེས་པའི་བར་གསུང་ཆོས་གནང་རྗེས་སང་ཉིན་དགེ་བསྙེན་གྱི་སྡོམ་པ་གནང་རྒྱུ་དང་། དེ་བཞིན་སྒྲོལ་མའི་རྗེས་གནང་། སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་པའི་བཀའ་སྩལ་ཏེ་ཉིན་གསུམ་པའི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།