ཆོས་འཆད་པ་པོ་དང་ཉན་པ་པོ་ཚང་མའི་ངོས་ནས་བསམ་པ་རྣམ་པར་དག་པ་ཞིག་དགོས། 

མདུན་ངོས། / ཆོས་འཆད་པ་པོ་དང་ཉན་པ་པོ་ཚང་མའི་ངོས་ནས་བསམ་པ་རྣམ་པར་དག་པ་ཞིག་དགོས། 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༤ ཉིན་སྔ་དྲོ་ཆུ་ཚོད་༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་པ་ལའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་པ་ལའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་དགེ་འདུན་པ་དང་བཙུན་མ་སོགས་སྐྱ་སེར་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།  

དེ་རིང་འདིར་ང་ཚོས་སངས་རྒྱས་པའི་ཆོས་ཉན་བཤད་བྱེད་ཀྱི་ཡོད་པ་རེད། ཆོས་ཉན་བཤད་ཀྱིས་མཚོན་པའི་བྱ་བ་གང་དང་གང་ཡིན་ཡང་། བཟང་པོར་འགྲོ་དང་ངན་པར་འགྲོ། ཡང་ན་དགེ་བར་འགྲོ་དང་སྡིག་པར་འགྲོ་བ་ནི་ཀུན་སློང་ལ་རག་ལས་པ་རེད། དེར་བརྟེན་ང་ཚོས་འདིར་ཆོས་ཉན་བཤད་བྱེད་ཀྱི་ཡོད་ཀྱང་ཀུན་སློང་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་འབྲེལ་བ་དང་། ཚེ་འདི་དོན་གཉེར་གྱི་བློ་དང་འབྲེལ་ཡོད་པ། དེ་བཞིན་སྐབས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅིག་འཆད་ཉན་བྱེད་ཀྱི་ཡོད་པས་རང་དོན་ཡིད་བྱེད་ཀྱི་བསམ་པའི་ཐར་བ་ཐོབ་ན་བསམ་པའི་ཐོག་ནས་ཉན་པ་ཡིན་ནའང་མ་འགྲིག་པ་རེད། འཆད་པ་པོ་བླ་མའི་ངོས་ནས་བཤད་ནའང་ཚེ་འདིར་མཁས་འདོད་གྲགས་འདོད་ཀྱི་ཐོག་ནས་ཆོས་བཤད་པ་དང་། ལྷག་པར་དུ་ཆོས་བཤད་ནས་འབུལ་བ་ལེན་པ་ནི་ཆོས་ཚོང་བརྒྱབ་པ་ལྟ་བུ་རེད། དེ་ལྟ་བུའི་ཀུན་སློང་འཁྱེར་ནས་བཤད་པ་ཡིན་ན་ཆོས་བཤད་ཀྱི་ཡོད་ཀྱང་དོན་དག་སྡིག་པ་བསགས་པར་འགྲོ་བ་རེད། དེར་བརྟེན་ཆོས་འཆད་པ་པོ་དང་ཉན་པ་པོ་ཚང་མའི་ངོས་ནས་བསམ་པ་རྣམ་པར་དག་པ་ཞིག་དགོས། 

བསམ་པ་རྣམ་པར་དག་པ་ཇི་ལྟ་བུ་ཞིག་དགོས་ཞེ་ན། སྐབས་འདིར་ནམ་རྒྱུན་སྨོན་ལམ་བརྒྱག་གི་ཡོད་པ་དེ་རེད། དུག་གསུམ་ཉོན་མོངས་སེལ་བར་ཤོག་ཅེས་སྨོན་ལམ་བརྒྱབ་སྟེ། སངས་རྒྱས་ཀྱི་ཐུགས་རྗེས་ང་ཚོའི་རྒྱུད་ཀྱི་དུག་གསུམ་གྱི་ཉོན་མོངས་སེལ་ཐབས་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ཚེ་དེ་ལྟ་བུའི་བསམ་བློ་གཏོང་རྒྱུ་ཡོད་སྲིད་ཀྱང་། སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་ཡིན་པས་དུག་གསུམ་ཉོན་མོངས་སེལ་རྒྱུ་ནི་སངས་རྒྱས་ཀྱི་བྱིན་རླབས་གཅིག་པུའི་ཐོག་ནས་སེལ་ཐབས་ཡོད་པ་མ་རེད། འོ་ན། ཇི་ལྟར་སེལ་དགོས་ཞེ་ན། དུག་གསུམ་ཉོན་མོངས་ཀྱི་རྩ་བ་མ་རིག་པ་རེད། མ་རིག་པའམ་མི་ཤེས་པ་ནི་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་པས་དེ་སེལ་བར་ཕྱིན་ཅི་མ་ལོག་པའི་བློ་ཞིག་སྐྱེས་པའི་སྒོ་ནས་སེལ་དགོས་པས་ཤེས་རབ་སྣང་བ་འབར་བར་ཤོག་ཅེས་སྨོན་ལམ་བརྒྱབ་པ་དེ་རེད། ཤེས་རབ་ནི་ལེགས་ཉེས་འབྱེད་ཐུབ་པའི་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། མིའི་ཀླད་པས་ཕྱོགས་ཚང་མ་དང་འཕྲལ་ཕུགས་རྒྱང་གསུམ་ནས་བལྟ་ཐུབ་པ་ཞིག་ང་ཚོའི་རྣམ་དཔྱོད་ལ་ཡོད་པ་རེད། དེར་བརྟེན་མིའི་རྣམ་དཔྱོད་ཀྱི་ནུས་པས་ཡིན་ལུགས་གང་ཡིན་པ་དང་། ཀུན་རྫོབ་པའི་ཡིན་ལུགས་ཇི་ལྟར་ཡིན་པ་ཙམ་དུ་མ་ཟད་མཐར་ཐུག་གི་ཡིན་ལུགས་ཇི་ལྟར་ཡིན་པ་ཤེས་པའི་ཤེས་རབ་ཀྱི་ཐོག་ནས་དུག་གསུམ་ཉོན་མོངས་སེལ་དགོས་པ་བཅས་འགྲོ་སྟངས་དེ་ལྟར་རེད། 

སྨོན་ལམ་དུམ་བུ་གཉིས་པས་སངས་རྒྱས་པའི་ཆོས་ཡོངས་རྫོགས་ལ་ཁྱབ་པ་རེད། པ་ལའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱད་ལ་དེ་བཞིན་རེད། དེ་ལྟ་བུའི་ཆོས་ཉམས་སུ་ལེན་པར་ཕྱི་ནང་གི་བར་ཆད་ཀྱིས་མི་ཚུགས་པ་ཤོག་ཅེས་པ་རེད། དེ་ནས་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་པས་བྱང་ཆུབ་སེམས་པའི་སྤྱོད་པ་ཉམས་སུ་ལེན་གྱི་ཡིན་ཞེས། ཤེས་རབ་ཀྱི་སྣང་བ་དེ་བྱམས་པ་དང་སྙིང་རྗེས་རྩ་བར་གྱུར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཟིིན་པ་བྱས་ཏེ། ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཉམས་ལེན་བྱེད་པ་ཞིག་བཤད་པ་རེད། གང་ལྟར་ང་རང་ཚོས་ཆོས་ཉན་བཤད་བྱེད་པའི་དགོས་པ་ནི་རང་བཞིན་སེམས་ཅན་ཐམས་ཅད་གཏན་བདེའི་ས་ལ་འགོད་པའི་ཆེད་དུ་ཉན་གྱི་ཡོད་བསམ་པ་ཞིག་དང་། འཆད་པ་པོའི་ངོས་ནས་ཡིན་ནའང་བསམ་པ་རྣམ་དག་གིས་ཕན་པའི་བསམ་པ་དང་། རྗེ་རིན་པོ་ཆེའི་སྨོན་ལམ་དུ། 

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །

ཅེས་གསུངས་པ་ལྟར་རེད། བཤད་པའི་སྐབས་སུ་དཔེ་ཆ་རྐྱང་བཀླགས་ཏེ་ལན་སྐྱེལ་མཁན་ལྟ་བུ་བྱས་ན་དེ་ཙམ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ། རང་མ་གདུལ་བར་གཞན་འདུལ་བའི་གནས་མེད་པས་གཞན་རྒྱུད་འདུལ་བར་འདོད་པ་དེས་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། རང་གི་རྒྱུད་འདུལ་ལུགས་དེ་ཡང་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་འདུལ་ལུགས་ཤིག་དགོས་ཀྱི་གང་བྱུང་བྱུང་གིས་རྟོགས་པའི་ཡོན་ཏན་གྱིས་མིང་བཏགས་པ་རེ་ཡོད་པས་མི་ཕན། ཞེས་གསུངས་ཡོད། དེར་བརྟེན་གང་ཡོང་ཡོང་གིས་རྗེ་རིན་པོ་ཆེས་གསུངས་པ་ལྟར། 

རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །
ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །
རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །

ཅེས་གསུངས་པ་ལྟར་ངོས་ནས་ཆེན་པོ་ཡོང་ཐུབ་མེད་ཀྱང་། ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། གང་ལྟར་ཉན་ཞག་ཕྲུགས་གཅིག་གི་ནང་དུ་ཆུ་ཚོད་ལྔའི་རིང་འཆར་ཅན་འདོན་པ་བཏོན་ནས་སྨོན་ལམ་རྒྱག་པ་དང་། བསམ་བློ་གཏོང་བ་སོགས་བྱེད་བཞིན་ཡོད། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡོད། སྔགས་ཀྱི་ཆོ་ག་མང་པོ་ཞིག་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་། རྩ་བའི་ཞག་རྩི་འདོན་རྒྱུ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཀྱི་ཐོག་ནས་ཡིན་པས་དེ་ལྟར་བྱེད་ཀྱི་ཡོད། དེར་བརྟེན་ག་ཚོད་ཐུབ་ཐུབ་ཀྱིས་ངོས་རང་ནས་བསམ་བློ་བཏང་ཡོད་པའི་ཉམས་མྱོང་ཐོག་ནས་ཕན་ཐོགས་ཡོད་པ་དང་། འགྱུར་བ་ཕྱིན་པ་དེ་དག་ངོས་རང་དང་ཁྱེད་རང་ཚོ་མི་གཅིག་མཚུངས་དང་བསམ་བློ་གཅིག་མཚུངས། ཀླད་པའི་འགྲོ་སྟངས་གཅིག་པ་ཡིན་པས་ཕན་ཐོགས་ཡོང་གི་རེད། ལྷག་པར་དུ་ཁྱོད་རང་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། དེ་རྗེས་ཆོས་ཞུ་བའི་ཁྲོད་ནས་བཀའ་འདྲི་ཁག་ཅིག་ཞུས་པར་བཀའ་ལན་གནང་རྗེས་དབུ་མ་འཇུག་པའི་གསུང་ཆོས་འཕྲོ་སྐྱོང་མཛད་དེ།

སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང༌། །
འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅིས་བྱ། །
གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ། །
འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །
དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང༌། །
དམ་པའི་རྟེན་ལ་འོད་ཆགས་མཛེས་པ་རྙེད་གྱུར་པའི། །
དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་ཇི་བཞིན་དུ། །
མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། །
དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་དང་པོའོ།  ། 

ཞེས་པའི་བར་བཀའ་ཁྲིད་མཛད་དེ་ཐའེ་ཝན་ནས་ཕེབས་པའི་ཆོས་ཞུ་བ་གྲངས་ ༡༡༠༠ བརྒལ་བ་དང་། རྒྱ་གར་གྱིས་གཙོས་རྒྱལ་ཁབ་ཁག་ ༦༩ ནས་ཕེབས་པའི་ཆོས་ཞུ་བ་དང་རང་རིགས་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བར་དབུ་མ་འཇུག་པའི་གསུང་ཆོས་ཉིན་གཉིས་པའི་གནང་སྒོ་མཇུག་སྒྲིལ་ཡོད་པ་བཅས།།