དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གཙོས་གཤམ་འོག་ཚོགས་སྡེ་ཁག་༢༢ གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་དྲུག་སྟོང་བརྒལ་བ་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། དད་ལྡན་སེར་སྐྱ་མི་མང་གིས་དམིགས་བརྩེ་མ་དབྱངས་དང་བཅས་ཕེབས་བསུ་བྱས་པ་དང་། གཙུག་ལག་ཁང་དུ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་པ་ལཱའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་པ་ལའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་དགེ་འདུན་པ་དང་བཙུན་མ་སོགས་སྐྱ་སེར་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།  

དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི། ཁྱེད་རང་ཚོ་ཐེ་ཝན་ནས་ཡོང་བའི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་གཙོ་བོར་གྱུར་བའི་ཐེ་ཝན་ནས་ཆོས་གྲོགས་མང་པོ་ཞིག་སླེབས་ཡོད། དེ་མིན་འདི་གར་གཉུག་མར་གནས་པའི་བོད་རིགས་དགེ་འདུན་རབ་བྱུང་ཕོ་མོ་དང་སྐྱ་བོ།   དེ་བཞིན་ཝེ་ཏི་ནམ་དང་། ཀོ་རི་ཡ། ཉི་ཧོང་། ཐའེ་ལན་བཅས་ཕ་མེས་ནས་ནང་པའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། གཞན་ཡང་། དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ལུང་པ་ཁག་ནས་ཀྱང་མི་གང་ཙམ་ནམ་རྒྱུན་ཡོང་གི་ཡོད། དེ་རིང་ཡང་སླེབས་འདུག སྔོན་ལ་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད།

ངོས་ཀྱིས་ནམ་རྒྱུན་ནང་ཆོས་མ་བཤད་གོང་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་ནའང་། ནང་པའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་ལ་དོ་སྣང་གང་ཡང་མེད་པར་ཆོས་བྱེད་སྟངས་དེ་རྨོངས་དད་ལྟ་བུར་ཆགས་གྲབས་བྱེད་ཀྱི་འདུག  ལམ་དང་ལུགས་སྲོལ་ལྟ་བུའི་སྟེང་ཕྱིན་པ་མ་གཏོགས་ཆོས་ལ་བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་སྟེ། ཤེས་ནས་དད་པ་ཐོབ་པ་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་ནང་ཆོས་དངོས་གཞི་འཆད་པའི་སྐབས་སུའང་ནང་ཆོས་ཀྱི་གནད་འགག་དེ་དག་ཐོན་ཡོང་གི་རེད། སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་དུས་ཀྱང་འདི་ལྟར་བཤད་ཀྱི་ཡོད།

དེ་ལ་དང་པོ་ནི་ནང་ཆོས་ཐེ་བའི་ཆོས་ཟེར་བ་འདི། འཛམ་གླིང་འདིའི་སྟེང་འབྲེལ་བ་གང་ཡོད་པ་དང་། དགོས་མཁོ་ཡོད་དང་མེད། ཅེས་དྲི་བ་དང་པོ་འདི་རེད་འདུག  འཛམ་གླིང་འདིའི་སྟེང་སྲོག་ཆགས་གྲོག་འབུ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ང་ཚོས་རྒྱུ་མཚན་དགོད་མི་འགོད་པར་ཚང་མས་མཐོང་ཆོས་སུ་ཡོད། སྲོག་ཆགས་གྲངས་ཀྱིས་མི་ལོངས་པ་ཞིག་ཡོད་པ་དེ་དག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་ཡང་། བདེ་བ་དང་སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་བ་ཡིན་པས་རྒྱུ་དང་རྐྱེན་ལ་རྩད་གཅོད་བྱེད་མཁན་སྲོག་ཆགས་གཞན་གྱིས་བྱེད་ཐབས་ཡོད་པ་མ་རེད། མིའི་ཀླད་པ་ལྟ་བུ་མེད་པ་ཡིན་པས་བསམ་བློ་གཏོང་བའི་ནུས་པ་ཡོད་པ་མ་རེད། མི་ལ་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་རེད། ངོས་རང་ལ་ཆ་མཚོན་ནའང་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱག་གི་ཡོད་ཀྱང་། སྨོན་ལམ་བརྒྱབ་པ་དེ་ཁ་ཡོད་ལག་ཡོད་ཀྱི་སྟེང་དུ་འགྲོ་དུས་འཛམ་གླིང་འདིའི་མི་དུང་ཕྱུར་བདུན་ཅུ་ལ་ཕྲན་བུ་ཕན་ཐོགས་བྱེད་ཐུབ་ན་རེ་བ་ཡོད་པ་ཞིག་རེད། གཞན་མི་མ་ཡིན་པའི་འགྲོ་བ་དེ་དག་དང་འཛམ་གླིང་མཐའ་མེད་པའི་སེམས་ཅན་དེ་དག་ལ་སྨོན་ལམ་བརྒྱབ་སྡོད་རྒྱུ་ལས་གཞན་བྱེད་ཐབས་མི་འདུག 

འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་མིའི་ཀླད་པ་ཡོད་སྟབས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན།  སྡུག་བསྔལ་ཉུང་དུ་དང་བདེ་བ་མང་དུ་གཏོང་རྒྱུ་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། ངོས་ཀྱིས་རྒྱུན་དུ་བསམ་བློ་འཁོར་བཞིན་ཡོད་པ་མ་ཟད། མི་གཞན་ལའང་བཤད་ཀྱི་ཡོད། རིམ་པ་དང་པོ་ནི། ངོས་རང་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ནང་ནས་མི་གཅིག་ཆགས་ཡོད། ང་ཚོ་ཚང་མ་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། མི་ནི་འདི་སྤྱི་ཚོགས་ཀྱི་སེམས་ཅན་(Social Animal)སྤྱི་ཚོགས་ལ་བརྟེན་མཁན་ཡིན་སྟབས། མི་ངོ་རེར་ཕ་མ་དང་གཉེན་འབྲེལ། གྲོགས་པོ་སོགས་མང་པོ་ཞིག་དང་འབྲེལ་བ་ཡོད། ང་ཚོ་མི་གཅིག་གི་ངོས་ནས་ལྷག་བསམ་རྣམ་དག་དང་སེམས་བཟང་པོ་ཞིག་ལ་བརྟེན་ནས་སོ་སོའི་ངོ་ཤེས་པ་གཅིག བཅུ། བརྒྱ། སྟོང་ལ་རིམ་བཞིན་ཕན་ཐོགས་ཕྲན་བུ་ཕྲན་བུ་བྱེད་ཐུབ་ན་གོ་སྐབས་ཤིག་འདུག ཅེས་དང་།

དེ་སྔ་ལོ་སྟོང་ཕྲག་གི་རིང་ལ་ཤེས་ཡོན་ཟེར་བ་ལ་དོ་སྣང་ཆེན་པོ་ཡོད་པ་མ་རེད་ལ། ཤེས་ཡོན་གྱི་ལྟེ་གནས་ནི་ཆོས་སྡེ་ཁག་གིས་བྱེད་ཀྱི་ཡོད་པ་རེད། ནུབ་ཕྱོགས་ལུང་པ་ལ་ཆ་བཞག་ན་ཡི་ཤུའི་དགོན་པ་དང་བཙུན་མའི་དགོན་པ་དག་གིས་ཤེས་ཡོན་གྱི་ལྟེ་གནས་བཟུང་བསྡད་འདུག དེ་བཞིན་ཇུའུ་སོགས་ཆོས་ཕྱོགས་ཀྱི་ལྟེ་གནས་ཀྱིས་ཤེས་ཡོན་གྱི་ལྟེ་གནས་བྱས་ཏེ་ཞབས་འདེགས་སྒྲུབ་ཡོད་པ་ཞིག་རེད། དེ་ནས་གཙོ་བོ་ཡུ་རོབ་ནང་དུ་གཞི་ནས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ལ་འགྲོ་བའི་གནས་ཚུལ་སླེབས་པའི་སྐབས་སུ་སྔོན་ལ་རྩིས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་གཞི་ནས་དགོན་པ་ཁག་གིས་ཤེས་ཡོན་གྱི་ཞབས་འདེགས་སྒྲུབ་པས་མ་ལྡང་བ་ཞིག་ཆགས་ཡོང་བ་དང་།  ཤེས་ཡོན་གྱི་ལྟེ་གནས་ཤིག་ཟུར་དུ་ཆགས་པ་ཞིག་ངོས་ཀྱིས་མཐོང་གི་ཡོད། ཟུར་དུ་ཆགས་པའི་ཤེས་ཡོན་གྱི་ལྟེ་གནས་དེ་དག་གིས་འགན་གཙོ་བོ་རིག་གསར་གྱི་གནས་ཚུལ་དང་འབྲེལ་བསྡད་པའི་རྩིས་སོགས་མང་པོ་ཞིག་བསླབ་ཡོང་གི་ཡོད་པ་རེད། ནང་བསམ་བློའི་ཞི་བདེ་དང་འབྲེལ་བའི་ཡ་རབས་སྤྱོད་པ་བཟང་པོ་བྱེད་པའི་གྲས་ཤེས་ཡོན་གྱི་ལྟེ་གནས་གསར་པ་ཆགས་པ་དེས་འགན་ཁུར་དགོས་ཀྱི་ཡོད་པ་མ་རེད། དེ་དགོན་པ་ཁག་གིས་འགན་ཁུར་ནས་སྡོད་ཀྱི་ཡོད་པ་རེད། དེ་ནས་རིམ་པས་ཆོས་ཕྱོགས་ཀྱི་ལྟེ་གནས་དག་གིས་ནུས་པ་ཡག་པོ་མ་ཐོན་པར་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་པའི་སྐབས་སུ་ཆོས་ཕྱོགས་ལ་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་ཆགས་པ་རེད། དེ་ལྟ་བུའི་ཐོག་ནས་འཛམ་གླིང་འདི་དངོས་པོ་ཡར་རྒྱས་རྐྱང་པའི་ཐོག་ནས་འགྲོ་བ་ཞིག་དང་། གཙོ་ཆེ་ཤོས་ཤེས་ཡོན་གྱི་འགྲོ་སྟངས་འདི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཏེ། དེ་ལྟ་བུའི་ཐོག་ཕྱིན་འདུག  དེའི་འབྲས་བུ་ལ་ད་ལྟའི་ང་ཚོའི་སྤྱི་ཚོགས་དངོས་པོ་ཡར་རྒྱས་རྐྱང་པའི་ཐོག་ལ་བསམ་བློ་གཏོང་རྒྱུ་དང་འབྲེལ་ཤེས་ཡོན་གྱི་གོམས་གཤིས་དེ་ཡང་དངོས་གཙོ་སྨྲ་བའི་རིག་གཞུང་(Materialistic Culture) དང་། དངོས་གཙོ་སྨྲ་བའི་མི་ཚེ་(Materialistic life)ཆགས་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་གསོལ་ཇ་འདེགས་འབུལ་ཞུས་པ་དང་། 

དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། གང་ལྟར་དངོས་པོ་ཡར་རྒྱས་རྐྱང་པ་ཕྱིན་པའི་སྤྱི་ཚོགས་ནང་ལ་བདེ་སྐྱིད་ཟེར་བ་འདི་ཕྱི་དངོས་པོ་ཡར་རྒྱས་ཡག་པོ་བྱུང་ཡོད་ན། དེ་གཅིག་པུས་བདེ་སྐྱིད་ཡོང་གི་ཡོད་པ་ལྟ་བུ་ལ་ངོས་འཛིན་བཞིན་འདུག དེ་ཡིན་ཡང་བདེ་སྐྱིད་ལ་ལུས་ཚོར་གྱི་བདེ་སྐྱིད་ཡོང་རྒྱུ། ལུས་ཚོར་གྱི་སྡུག་བསྔལ་མ་ཡོང་བ་བྱེད་རྒྱུ་ནི་འོས་པ་ཞིག་རེད།   གློ་བུར་དུ་ལུས་ཀྱི་བདེ་སྡུག་གི་ཚོར་བ་དེ་དུད་འགྲོ་ཡིན་ནའང་ལམ་སེང་ཤེས་ཀྱི་རེད། སེམས་ནང་གི་རྣམ་རྟོག་འདྲ་མིན་ཡོང་རྒྱུ་དེ་དུད་འགྲོར་དེ་ཙམ་ཡོང་རྒྱུ་མེད། དེར་བརྟེན་ང་ཚོས་དངོས་པོ་ཡར་རྒྱས་རྐྱང་བའི་ཐོག་ནས་བདེ་སྐྱིད་ཡོང་གི་རེད་བསམ་པ་ཞིག་དང་། དངོས་པོ་ཡར་རྒྱུས་ཕྱིན་པ་ཡིན་ན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་གི་རེད་སྙམ་པའི་བསམ་བློ་ཞིག་འཁོར་བསྡད་པ་རེད།  དངོས་པོ་ཡར་རྒྱས་རྐྱང་ངམ་སྒོ་ལྔའི་ཤེས་པ་དང་འབྲེལ་བ་ཡོད་པའི་བདེ་སྐྱིད་ཅིག དཔེར་ན། མིག་གི་ཤེས་པས་གཟུགས་ཡིད་དུ་འོང་བ་མཐོང་བའི་ཚེ་སེམས་ལ་དགའ་སྣང་ཡོང་བ་དང་། རོལ་མོ་ལྟ་བུའི་སྒྲ་སྙན་པོ་ཐོས་པའི་ཚེ་སེམས་ལ་དགའ་སྣང་ཡོང་བ། དེ་བཞིན་དྲི་རོ་རེག་བྱ་དང་། རེག་བྱ་ལ་འཁྲིག་པའི་འདོད་ཆགས་ཀྱི་རེག་བྱ་སོགས་སྒོ་ལྔའི་ཤེས་པ་རྐྱང་དང་འབྲེལ་བ་འདུག 

སེམས་ཁམས་རིག་པ་དང་འབྲེལ་ནས་དངོས་ཡོད་ཀྱི་བསམ་བློ་ཞིག་བཏང་བ་ཡིན་ན་མིའི་གཟུགས་ཡིད་དུ་འོང་བ་ཞིག་མཐོང་ནས་དེས་ཡིད་ལ་སྐྱིད་སྣང་དང་དགའ་སྣང་ཞིག་བྱུང་བ་ཡིན་ན། སེམས་ལ་མ་སྐྱིད་པ་ཆེན་པོ་ཞིག་ཡོད་པ་ཡིན་ན་ལྟད་མོ་ཆེན་པོ་ཞིག་ལ་བལྟས་བསྡད་ཀྱང་དེ་ལྟ་བུའི་སྐྱིད་པོ་ཞིག་མི་འདུག རོལ་མོ་སྙན་པོ་ཞིག་ཐོས་པ་ཡིན་ནའང་དེ་ཙམ་གྱིས་སེམས་བག་ཕེབས་པོ་ཞིག་དང་། ཡིད་ཀྱི་བདེ་བ་ཡོང་བ་མི་འདུག དེ་ལ་ཞིབ་ཚགས་པོའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་སྒོ་ལྔའི་ཤེས་པའི་དབང་པོའི་ཤེས་པ་རིགས་གཅིག་དང་། དེ་ནས་དབང་པོ་ལྔ་ལ་མི་ལྟོས་པའི་ཡིད་ཀྱི་དབང་པོ་དང་འབྲེལ་བའི་ཡིད་ཀྱི་ཤེས་པ་ཟེར་བ་ཞིག་འདུག དངོས་པོ་ཡར་རྒྱས་རྐྱང་ཕྱིན་པ་དེ་དག་གིས་སེམས་ཁམས་རིག་པ་བཤད་སྐབས་སྒོ་ལྔའི་ཤེས་པའམ་དབང་པོའི་ཤེས་པ་རྐྱང་ལ་བསམ་བློ་འཁོར་གྱི་འདུག ཅེས་སོགས་ཟླ་འདིའི་ཨ་རིའི་ཚེས་ ༣ གྱི་མཚན་ལ་ཨ་རིའི་ལཱ་སི་–ཝེ་གྷེ་སི་གྲོང་ཁྱེར་(Las Vegas)ནང་རང་ལོ་ ༦༤ སོན་པའི་སྐྱེས་པ་ཞིག་གིས་མི་གསོད་དོན་རྐྱེན་བསླངས་པ་ལྟ་བུ་དང་། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་བྱེད་པ་སོགས་ཐབས་སྐྱོ་བོ་ཡིན་སྐོར་བཀའ་སྩལ་བ་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གི་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ་རྗེས་ཆོས་ཞུ་བའི་གྲས་ནས་བཀའ་འདྲི་ཞུས་རིགས་ལ་བཀའ་ལན་སྩལ་བ་དང་། དེ་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཟབ་པ་དང་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་དབུ་མ་ལ་འཇུག་པའི་གསུང་ཆོས་དབུ་འཛུགས་མཛད་ཀྱི་བཀའ་སློབ་སྩལ་དོན། 

དེ་རིང་ཆོས་འབྲེལ་བྱེད་རྒྱུ་འདི་ནི་དབུ་མ་འཇུག་པ་རེད། བསྟན་འགྱུར་ནང་དུ་དབུ་མའི་གཞུང་གལ་ཆེ་བ་ཤེས་རྩ་བ་ཤེས་རབ་དང་། ཨརྱ་དེ་བའི་བཞི་བརྒྱ་པ། རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་བཅས་ལ་རྩ་འཇུག་བཞི་གསུམ་ཞེས་གལ་ཆེན་པོར་བརྩི་བཞིན་ཡོད་པ་རེད། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ཆེན་བཅུ་གསུམ་དང་། གཞུང་ཚན་གྲགས་ཅན་བཅོ་བརྒྱད་སོགས་གཞུང་ཆེན་མང་པོར་གཞུང་འདི་དག་ཐུན་མོང་བ་ཆགས་བསྡད་ཡོད་པ་རེད། དེའི་ནང་ནས་དབུ་མ་འཇུག་པ་འདི་ཞུ་རྒྱུ་ཡིན། ངོས་ལ་ངོས་ཀྱི་བསྙེན་རྫོགས་ཀྱི་མཁན་པོ་གླིང་རིན་པོ་ཆེའི་སྐུ་མདུན་ནས་དབུ་མ་འཇུག་པའི་རྩ་བ་འདིའི་ཞལ་ལུང་ཐོབ་ཡོད། ཁོང་གིས་གསན་ས་སྐུ་འབུམ་མི་ཉག་རིན་པོ་ཆེ་ངག་དབང་ཡེ་ཤེས་རྒྱ་མཚོ་མཆོག་རེད་ཅེས་སོགས་བཀའ་སློབ་སྩལ་ཏེ་གསུང་ཆོས་མུ་མཐུད་གནང་ཡོད་པ་བཅས།།

ཐེངས་འདིའི་གསུང་ཆོས་ཞུ་མཁན་ཐའེ་ཝན་ཆོས་ཞུ་བ་གྲངས་ ༡༡༠༠ བརྒལ་བ་དང་། རྒྱ་གར་གྱིས་གཙོས་རྒྱལ་ཁབ་ཁག་ ༦༩ ནས་ཕེབས་པའི་ཆོས་ཞུ་བ་དང་རང་རིགས་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བར་ཕེབས་ཡོད་པ་དང་། གསུང་ཆོས་ཨིན་སྐད་དང་རྒྱ་ནག་གི་སྐད། ཝེ་ཏི་ནམ་གྱི་སྐད། ཀོ་རུ་ཡའི་སྐད། ཧིན་དྷིའི་སྐད། སུ་པཱན་ནེ་ཞའི་སྐད། ཧྥ་རན་སིའི་སྐད། འཇར་མན་སྐད། ཉི་ཧོང་སྐད། རཱ་ཤི་ཡའི་སྐད་བཅས་སུ་གསུང་བསྒྱུར་མཛད་ཀྱི་ཡོད་པ་བཅས།།