༸གོང་ས་མཆོག་གིས་ཡུ་རོབ་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།

མདུན་ངོས། / ༸གོང་ས་མཆོག་གིས་ཡུ་རོབ་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཀང་ར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་འབྲེལ་ཡོད་མི་སྣ་ཁག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཀང་ར་གནམ་ཐང་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་ཞུས་པ་དང་། ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས་མཆོག བཀའ་བློན་རྣམ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་རྣམ་པ་བཅས་ཀྱིས་༸རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༩ ཚེས་ ༡༠ ནས་ཚེས་ ༢༦ བར་བྱང་ཨར་ལེན་ཌི་དང་འཇར་མན། ཨི་ཊ་ལི།  ལ་ཏི་ཝི་ཡ་བཅས་ཡུ་རོབ་ཀྱི་རྒྱལ་ཁབ་བཞིའི་ནང་གྲོས་ཚོགས་འཐུས་མིའི་མཚོན་པའི་གལ་ཆེའི་མི་སྣར་མཇལ་འཕྲད་དང་།བགྲོ་གླེང་ལྷན་ཚོགས་ལ་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་མ་ཟད། གསར་འགོད་པར་མཇལ་འཕྲད་ཀྱིས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་དང་། དེའི་རིང་ཨི་ཌ་ལིའི་མེ་སི་ན་གྲོང་སྡེའི་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་པ་དང་། དེ་བཞིན་ཨི་ཊ་ལིའི་གྲོང་སྡེ་གཉིས་ནས་ཆེ་བསྟོད་མི་སེར་གྱི་མཚན་གནས་གཟེངས་རྟགས་དང་། གཞན་ཡང་ཨི་ཊ་ལིའི་ཌ་སི་ཀ་ནི་ Tuscany མངའ་སྡེའི་པི་ས་ Pisa གྲོང་ཁྱེར་ནང་ཡོད་པའི་པི་ས་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཉིན་མཐའ་མའི་སྐབས་པི་སཱ་གཙུག་ལག་སློབ་གཉེར་ཁང་ནས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ནང་པའི་ཚན་རིག་ཐོག་ནས་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་ཀྱི་ཕྱག་འཁྱེར་ Master’s Degree Honoris Causa in Clinical and Health Psychology འབུལ་ལམ་ཞུས་ཡོད་པ་བཅས།།